ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་དུས་ཡུས་ཧྲུའུ་ཁུལ་གྱི་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གིས་བསྟུད་མར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་རིམ་གཉིས་པའི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་ཚང་མ་དངོས་འབེབས་བྱ་རྒྱུ་ཡིན་པ་དང་བསྟུན། ད་ལོར་ཁུལ་ཡོངས་ཀྱི་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་རོགས་སྐྱོར་བྱ་བ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།
ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་ཁུལ་ཞིབ་དཔྱོད་སྡེ་ཁག་གིས་རང་འགུལ་གྱི་རོགས་སྐྱོར་དང་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་འགུལ་གྱིས་ཁྲིམས་འཛིན་རོགས་སྐྱོར་བྱ་བ་དེ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་སྤྱི་ཡོངས་སུ་འདྲེས་པར་བྱས་ནས། རོགས་སྐྱོར་གྱི་འདུ་ཤེས་བསྒྱུར་བཅོས་དང་། མི་ཆོས་བརྩེ་སེམས་མངོན་པར་མཚོན་ནས་དབུལ་ཕོངས་མི་སྣ་དང་ནར་མ་སོན་པའི་གཞོན་ནུ་རྣམ་རོགས་སྐྱོར་གྱི་བྱ་བའི་གཙོ་གྲས་སུ་བཞག་པའི་དུས་མཚུངས་སུ། དབུལ་སྐྱོར་དང་བསམ་བློའི་རོགས་སྐྱོར་གཉིས་ཟུང་འབྲེལ་སྒོས། དཔལ་འབྱོར་རོགས་སྐྱོར་དང་སེམས་ཁམས་གསོ་བ་གཉིས་ཀྱི་ཐད་ཤུགས་བཏོན། ད་ལྟའི་བར་དུ། ཡུས་ཧྲུའུ་ཁུལ་ཞིབ་དཔྱོད་སྡེ་ཁག་གིས་ཁྱོན་བསྡོམས་དོན་རྐྱེན16གི་མི19ལ་ཁྲིམས་འཛིན་རོགས་སྐྱོར་བྱས་ཤིང་། ཁྲིམས་འཛིན་རོགས་སྐྱོར་མ་དངུལ་སྒོར་ཁྲི73བྱིན་པ་དང་། རོགས་སྐྱོར་མ་དངུལ་ཆེས་མཐོ་ཤོས་སྒོར་ཁྲི7ལ་སླེབས་ཤིང་། ཆེས་དམའ་བའི་རོགས་སྐྱོར་མ་དངུལ་སྒོར་ཁྲི3ཡིན་པ་དང་། ཁྲིམས་འཛིན་རོགས་སྐྱོར་གྱི་སྟོང་ཆ་མེད་པར་བཟོ་བའི་བྱ་བའི་དམིགས་འབེན་མངོན་འགྱུར་བྱུང་།
རྗེས་མར། ཁུལ་ཞིབ་དཔྱོད་སྡེ་ཁག་གིས་རང་འགུལ་སྒོས་ཁྲིམས་འཛིན་རོགས་སྐྱོར་བྱ་བ་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འདྲེས་སུ་བཅུག་སྟེ། ཁྲིམས་འཛིན་རོགས་སྐྱོར་བྱ་བ་དེ་ཞིབ་དཔྱོད་ཀྱི་ལས་སྒྲུབ་གོ་རིམ་ཁྲོད་སྦྲེལ་བར་ཁག་ཐེག་བྱེད་པ་དང་། རོགས་སྐྱོར་གྱི་དུས་ཚོད་དང་ཕན་འབྲས་དངོས་སྟེང་འབད་བརྩོན་གྱིས་ཁྲིམས་འཛིན་དམངས་ཀྱི་ཆེད་དུ་ཡིན་པའི་རྩ་དོན་ཁྲིམས་འཛིན་ལས་དོན་ཁྲོད་དོན་འཁྱོལ་བྱ་བར་འབད་བརྩོན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཡུས་ཧྲུའུ་ཁུལ་གྱིས་ཁྲིམས་འཛིན་རོགས་སྐྱོར་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།