​དབྱང་ཧྥིན་ཁྲུན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཕེབས་ནས་ ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པར་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་གནང་།

དབྱང་ཧྥིན་ཁྲུན་འཁོར་དང་བཅས་པ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་དང་། སློབ་གྲྭའི་ལོ་རྒྱུས་ཁང་། མི་རིགས་དང་སྤྱི་ཚོགས་སློབ་གླིང་། བོད་རིག་པའི་སློབ་གླིང་བཅས་ལ་ལྟ་སྐོར་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བཞག་པའི་བྱས་རྗེས་གལ་ཆེན་དང་སློབ་གྲྭ་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

དབྱང་ཧྥིན་ཁྲུན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་བ་གཏོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འབོད་སྐུལ་བཏང་ཡོད། རྒྱ་ཆེའི་གཞོན་ནུ་སློབ་མ་རྣམས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་འདི་དམ་འཛིན་དང་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཅས་ཁོང་དུ་ཆུད་པ་བྱས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་རང་རྟོགས་ངང་ཕྲག་ཏུ་འཁུར་དགོས་ཟེར། ཁོང་གིས་ད་དུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ཆབ་སྲིད་ཀྱི་མཐོ་ཚད་དང་ཁྱོན་ཡོངས་ཀྱི་མཐོང་རྒྱ། མ་ལག་ལྡན་པའི་འདུ་ཤེས་བཅས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། རྒྱ་ཆེའི་དགེ་སློབ་ཚང་མས་རང་རྟོགས་ངང་ཞུགས་པ་དང་གསར་གཏོད་ལས་དོན་ལ་སྣེ་ཁྲིད་ཧུར་ཐག་བྱེད་པ་བཅས་ཀྱི་ཐད་ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་པར་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཚེ་རིང་མཚོ་དང་ལིས་ཅིན། སློབ་མ་དབྱི་རའོ་གུ་ལི་སར་ཧན། སྟག་ཐར་ཚེ་རིང་བཅས་ཀྱིས་གཏམ་བཤད་སྤེལ།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།