མཚོ་སྔོན་པོའི་བཞུར་རྒྱུད་དུ་ལོ་བཅུ་གཉིས་རིང་བཅོས་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་པ།

W020201216373924354794.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཆུའི་སྐྱེ་ཁམས་ཁོར་ཡུག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཅུན་གྱིས་གསར་འགོད་པར་བཤད་པ་ལྟར་ན། 2008ལོར་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་འགོད》ལག་བསྟར་བྱེད་འགོ་ཚུགས་པ་དང་། ལོ་བཅུ་གཉིས་རིང་བཅོས་སྐྱོང་བྱས་པ་བརྒྱུད་མིག་སྔར་འཆར་འགོད་འཛུགས་སྐྲུན་གྱི་ནང་དོན་གཞི་རྩའི་ཐོག་ལེགས་འགྲུབ་བྱུང་ཡོད་ལ། གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ནས་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་རྒྱུན་མཐུད་ངང་འཁོར་རྒྱུག་ལེགས་པའི་འཕེལ་ཕྱོགས་མངོན་ཡོད།

མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་མཐོ་སྒང་གི་ཚྭ་མཚེའུ་ཆེ་ཤོས་ཡིན། མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཆུ་ཀླུང་གལ་ཆེན་ཞིག་ཡིན་ལ་ནུབ་རྒྱུད་མྱ་ངམ་ཐང་ཤར་རྒྱུད་དུ་མཆེད་རྒྱུར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་ཀྱང་རེད། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་དེའི་རིམ་འགྱུར་གྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཧྲིལ་པོའི་འགྱུར་ལྡོག་གི་འཕེལ་ཕྱོགས་མཚོན་ཡོད་ཅིང་། ཚྭ་འདམ་གཤོང་ས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ། མདོ་ལ་རིང་མོ་སོགས་ས་ཁུལ་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།

ཀྲང་ཅུན་གྱིས“ལོ་ལྔའི་ཚན་བཅུ་གཉིས་པའི”རིང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ། གཙོ་གནད་ཤང་གྲོང་གི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། 2015ལོའི་ལོ་མཇུག་བར། མཐའ་འཁོོར་གྱི་མདའ་བཞི་དང་། རྐང་ཚ། ཐེམ་ཆེན། ཆབ་ཆ་བཅས་རྫོང་བཞིར་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭ་བསྐྲུན་ཟིན་པ་དང་སྤྱིའི་གཙང་སེལ་ནུས་པ་ཉིན་རེར་ཏུན་ཁྲི1.95ཟིན་པ་རེད། “ལོ་ལྔའི་ཚན་བཅུ་གསུམ་པའི་”རིང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་དག་ཐེར་བྱེད་པའི་གོ་སྐབས་དང་བསྟུན་ནས་སྔ་རྗེས་སུ་ཆབ་ཆ་རྫོང་རིག་སྨོན་གྲོང་རྡལ་དང་རྟ་ནག་མ་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭ་བཙུགས་ནས་མཚོ་སྔོན་པོའི་གཙོ་གནད་ཤང་གྲོང་གི་འཚོ་བའི་བཙོག་ཆུ་ཕྱིར་འབུད་ཀྱི་མངོན་གསལ་གནད་དོན་ཇེ་ལེགས་སུ་བཏང་ཡོད་ཟེར།

མཚོ་སྔོན་པོའི་ནང་བཞུར་བའི་ཆུ་བོ་གཙོ་བོའི་ཆུའི་ཁོར་ཡུག་སྤུས་ཚད་ཚད་ལྡན་མ་ལག་གི་ལྟ་ཞིབ་ཚད་ལེན་མངོན་འགྱུར་ཡོང་ཆེད། 2016ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཕྱོགས་ཀྱིས་རྟ་ནག་མ་དང་རིག་སྨོན་བཅས་ཀྱི་ཆུ་བོ་གཙོ་བོ་བཞིའི་ཁར་བཞུར་མཚམས4བཀོད་སྒྲིག་བྱས་ཏེ། ཟླ་རེར་དམིགས་ཚད་གཙོ་བོ21ལ་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བ་རེད། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པར་གཞིགས་ན། ཆུའི་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་ཡོད།

གཞན་ཡང་། གཞུང་ཕྱོགས་ཀྱི་གཞི་གྲངས་བསྡོམས་རྩིས་ལ་གཞིགས་ན། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཏུ་མཚོ་སྐོར་ས་ཁོངས་སུ་ཕུའུ་ཧྲི་དགོ་བའི་རིགས་ཁྱུའི་གྲངས་འབོར་ཅུང་མང་དུ་ཕྱིན་ནས་ལོ་ཧྲིལ་པོའི་ཆ་སྙོམས་གྲངས་འབོར2035ཟིན་པ་དང་། འདབ་ཆགས་རིགས་ཀྱི་ཁྱུ་ཚོགས་ལ་ལོ་ཧྲིལ་པོར་བསྡོམས་པས་གྲངས་འབོར་ཁྲི25.1ཡོད་པ་དང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི10.04ཟིན་ཡོད། ལོ་གོང་མ་དང་བསྡུར་ན་ཏུན་ཁྲི0.74མང་དུ་ཕྱིན་ནས7.9%འཕར་བ་དེ2002ལོར་སྲུང་སྐྱོང་བྱེད་པའི་ཐོག་མའི་དུས་ལས་ལྡབ38ཙམ་འཕར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།