ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་ཤེས་བྱའི་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྱི་སྒྲུབ་སྟངས་བརྗེ་རེས་དེ་པེ་ཅིན་དུ་བསྡུས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཀྲང་ལའེ་མིན་སོགས་ཆེད་མཁས་པ་དང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་སོགས་རྒྱལ་སྤྱིའི་སྡེ་ཁག་གི་ཀྲུང་གོར་སྡོད་པའི་འཐུས་ཚབ། དབྱིན་ཇི་དང་ཧིན་རྡུ་ཉི་ཞི་ཡ། འཇར་མན། པ་ཞི། དབྱི་ཐ་ལི་སོགས་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་རྣམས་ཚོགས་འདུར་ཞུགས། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དེ་ས་གནས་གསུམ་གྱི་གདན་འདྲེན་ས་ཁུལ་གྲས་ཤིག་ཡིན་པའི་ཆ་ནས་བརྗེ་རེས་ཀྱི་གཏམ་བཤད་སྤེལ་ཏེ། འཛམ་གླིང་ལ་དབུལ་ཐར་མཁྲེགས་གཏོར་གྱི་ཉམས་མྱོང་མཉམ་རོལ་བྱས།
མིན་ཧོ་རྫོང་གི་རྫོང་དཔོན་གཞོན་པ་ཝང་མིན་ཧྥང་གིས་གནད་འཁེལ་ངོས་འཛིན་དང་། ཡུལ་གཞན་དུ་གནས་སྤོར་བ། སྟོབས་ཤུགས་གཅིག་སྒྲིལ། ཤར་ནུབ་མཐུན་སྦྱོར་སོགས་ཀྱི་ཐད་ནས་དབུལ་སྐྱོར་གྱི་གཏམ་རྒྱུད་གསོན་པོས། རྒྱལ་སྤྱི་སྡེ་ཁག་གི་ཀྲུང་གོར་སྡོད་པའི་གཞུང་ཚབ་པར་དབུལ་ཐར་མཁྲེགས་གཏོར་བྱས་པའི་རིང་གི་མིན་ཧོ་རྫོང་གི་བྱེ་བྲག་གི་སྒྲུབ་སྟངས་དང་ཉམས་མྱོང་མཚམས་སྦྱོར་བྱས། ལུང་ཀྲི་ཤང་ཆའོ་ཐིག་སྡེ་བའི་ཧྲུའུ་ཅི་དང་པོ་ལིས་ཡུས་ལན་གྱིས་དབང་བོ་སྐྱོན་ཅན་གྱི་བུ་ཆུང་ལ་བདག་སྐྱོང་བྱེད་ཞོར། སྡེ་མི་ཚོའི་སྣེ་ཁྲིད་དེ་དབུལ་ཐར་དང་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་གཏམ་རྒྱུད་སོགས་བྱེ་བྲག་གི་ཁྱིམ་ཚང་དང་མི་སྒེར་གྱིས་བདེ་སྐྱིད་འཚོ་བར་རེ་སྙེག་བྱེད་པའི་གཏམ་རྒྱུད་དག་ཚོགས་ཞུགས་མི་སྣ་ཚོའི་རྣ་ལམ་དུ་དྲངས།
ཤེས་གསལ་བྱུང་བ་ལྟར་ན། ཡུལ་དངོས་ཀྱི་སྐུ་མགྲོན་ཚོས་མཚོ་སྔོན་ལ་རེ་སྨོན་གྱིས་ཁེངས་ཤིང་། རྒྱལ་སྤྱིའི་སྡེ་ཁག་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོའི་འཐུས་ཚབ་མི་ཉུང་བ་ཞིག་གིས་རང་འགུལ་སྒོས་མཚོ་སྔོན་མིན་ཧོ་རྟོག་ཞིབ་ཚོགས་པ་དང་དབུལ་སྐྱོར་ཐད་ཀྱི་ཉམས་མྱོང་བརྗེ་རེས་ཀྱི་རེ་ཞུ་བཏོན།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མིན་ཧོ་རྫོང་གིས་པེ་ཅིན་དུ་འཛམ་གླིང་ལ་དབུལ་ཐར་མཁྲེགས་གཏོར་ཉམས་མྱོང་མཉམ་རོལ་བྱས།