ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་རྩ་འཛུགས་བྱས་ནས་གཉེར་བའི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་འཇགས་སྲིད་ཇུས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་གཉེར་བ་དང་། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་འཐུས་མི40ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།
ད་ལོ་ནས་བཟུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་དང་། མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་”བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གཏིང་ཟབ་སྒོས་དོན་འཁྱོལ་དང་། “བརྟན་འཇགས་དྲུག་”དང་“འགན་ལེན་དྲུག་”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་བའི་མི་མངོན་པའི་སྟོབས་ཤུགས་ལ་ཧུར་ཐག་གིས་བརྟག་ཞིབ་དང་། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ལ་གཏའ་མ་མེད་པའི་དངུལ་བུན་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཞིབ་འཇུག་དང་གཏན་འབེབས་བྱས་ནས། ཞབས་ཞུའི་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་། གོ་རིམ་ལྡན་པའི་ཐོན་སྐྱེད་ལ་ཧུར་ཐག་གིས་སྐུལ་འདེད་བཏང་། མིག་སྔར། འབྲེལ་ཡོད་སྡེ་ཁག་སོ་སོ་དང་ས་གནས་སྲིད་གཞུང་། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་བཅས་ཀྱི་མཉམ་ལས་འབད་བརྩོན་འོག ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་མར་ཆག་པ་ལ་ཟླ་རེར་ཚོད་འཛིན་བྱེད་འགོ་བརྩམས་པས། ཕྱི་ཕྱོགས་ཉོ་ཚོང་མར་ཆག་པའི་གནས་བབ་ལ་ནུས་པ་ལྡན་པའི་བཀག་འགོག་བྱས་ཡོད། ཐེངས་འདིའི་གསོ་སྦྱོང་ནི་ཞིང་ཆེན་ཚོང་དོན་ཐིན་གྱིས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་གཙོ་བོར་སྲུང་སྐྱོང་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་གཞན་ཞིག་ཡིན།
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ལ་ཆེད་དུ་འབྲེལ་ཡོད་ལས་སྒོའི་ཆེད་མཁས་པ་གདན་དྲངས་ནས་གསོ་སྦྱོང་ནང་ཞུགས་མཁན་ཁེ་ལས་ཀྱི་འཐུས་མིར་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་དང་། གཙོ་གནད་ས་ཁུལ་གྱི་ཁྲོམ་རའི་དགོས་མཁོར་དབྱེ་ཞིབ། རྒྱལ་སྤྱིའི་ཚོང་དོན་བཅའ་ཁྲིམས་ཀྱི་ཉེན་ཁ་དང་སྔོན་འགོག དངུལ་ཁང་གི་མ་དངུལ་བསྡུ་སྒྲིལ་ལས་སྒོ། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྤྱོད་པའི་རེ་ཞུའི་བརྒྱུད་རིམ། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་དཔྱ་ཁྲལ་རྩ་ཆག་ཁུལ་འཛུགས་པའི་གནས་ཚུལ་དང་ཚོང་འགུགས་གཟིགས་སྐྱོང་སྲིད་ཇུས་སོགས་ཀྱི་ནང་དོན་ལ་ཞིབ་ཕྲའི་འགྲེལ་བཤད་བརྒྱབ་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་འཇགས་སྲིད་ཇུས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་གཉེར།