ཞིན་ཁྲང་ཞིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའུ་ལ་མཇལ་འཛོམས་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན་ནས་ཚེས15ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་པེ་ཅིང་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའུ་དང་མཇལ་འཛོམས་ཞུས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལི་ཞའོ་ཕིང་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཝུའུ་ཧྥིང་གཉིས་དང་སོ་སོར་བཞུགས་མོལ་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གཉིས་ཀྱང་བཞུགས་མོལ་ལ་ཞུགས་ཏེ་འབྲེལ་ཡོད་ལས་དོན་སྙན་སྒྲོན་ཕུལ་བ་རེད།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཧྲུའུ་ཅི་ཝང་ཅན་ཅུན་བཅས་ཀྱི་ཚབ་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའུ་ཡིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་གསུང་དོན། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའུ་ཡི་བླང་བྱ་གཞིར་བཟུང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། འབྲུ་རིགས། དངོས་ཟོག་གྲབས་གསོག་བཅས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། མཚོ་སྔོན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་རྩ་གནད་སྒྲིག་བཟོ་བྱེད་བཞིན་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པའི་ནང་མཉམ་འདྲེས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའུ་ཡིས་སྔར་མུས་བཞིན་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་ཤིན་ཏུ་གལ་ཆེ་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་རྩ་གནད་བཟོ་འགོད་དང་སྲིད་ཇུས། ལས་གཞི་སོགས་ཀྱི་ཐད་ལའང་སྔར་ལས་མང་བའི་མཛུབ་སྟོན་དང་རོགས་རམ་མཁོ་ཞེས་གསུངས།

ལི་ཞའོ་ཕིང་དང་ཀྲང་ཝུའུ་ཧྥིང་གིས་མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་བཅས་ཀྱི་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་ཅིང་། མཚོ་སྔོན་གྱིས་བཏོན་པའི་རེ་ཞུའི་དོན་དག་ལ་ལན་བཟང་པོ་གནང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དམིགས་བསལ་ཡིན་པས་སྣོད་བཅུད་བདེ་འཇགས་སོགས་ཀྱི་ཐད་ནས་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་བཟོ་སྐབས་མཚོ་སྔོན་གྱི་དགོས་མཁོར་བསམ་གཞིག་གང་ལེགས་བྱ་རྒྱུ་དང་། འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཚོད་ལྟ་དང་། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།