“3·15”སྟོངས་ཉེན་ཡོད་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་པའི་དངོས་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་ཕྱིར་ཚོང་བྱེད་པའི་གྱོད་གཞིའི་དོགས་ཡོད་ཉེས་ཅན་ལ་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས།

ཞུ་སྦྱོར་ཕྱི་མ3པོ་ཚང་མར་ཁྲིམས་ཆད་ཕོག

ཟླ12པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རྫ་ཆུའི་ཆུ་འགོའི་གླིང་ཁུལ་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་རྩད་ཞིབ་བྱས་པའི“3·15”ཡི་སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་པའི་དངོས་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་ཕྱིར་ཚོང་བྱས་པའི་གྱོད་གཞིའི་དོགས་ཡོད་ཉེས་ཅན་ལ་ཁྲིམས་ཐག་བཅད་པ་བསྒྲགས་བྱས།

ད་ལོའི་ཟླ3པར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རྫ་ཆུའི་ཆུ་འགོའི་གླིང་ཁུལ་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་བརྟག་དཔྱད་བྱས་པ་བརྒྱུད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་གྱི་སྒེར་གྱི་སྨན་རྫས་ཚོང་ཁང་ཞིག་ལ་འཕྲལ་རྒོལ་ཞིབ་བཤེར་བྱས་པར། ཡུལ་དངོས་སུ་ཤྭ་བ་མཆུ་དཀར་གྱི་དམར་དཔེ་1དང་། ཤྭ་རྭའི་དམར་དཔེ་ཆ1། སྤྱང་ཀིའི་དམར་དཔེ2། ཁྭ་ཏའི་དམར་དཔེ1། སྤྱང་རོ1བཅས་ཡོད་པ་རྩད་ཆོད་པས། ཉེན་རྟོག་ཕྱོགས་ཀྱིས་འདྲི་རྩད་བྱས་པ་བརྒྱུད་གྱོད་འབྲེལ་ཉེས་གསོག་དོགས་ཡོད་མི་སྣ6ལ་ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད།

རྫ་སྟོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། རྫ་ཆུའི་ཆུ་འགོའི་གླིང་ཁུལ་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་རུ་ཆེན་གྱིས་ཉེས་དོན་ཆད་གཅོད་མེད་པའི་ཁྲིམས་འགལ་མི་སྣ་གསུམ་ལ་མི་རེར་སྒོར1500ཡི་དངུལ་ཆད་བཅད་པ་དང་། གྱོད་འབྲེལ་དོགས་ཡོད་ཉེས་ཅན་མི་སྣ་གཞན3ལ་རྫ་སྟོད་རྫོང་ཞིབ་དཔྱོད་ཁང་གིས་ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་རར་གཞུང་གཏུག་བྱས་པར། ཡུལ་ཤུལ་གྲོང་ཁྱེར་ཁྲིམས་ཁང་གིས་གྱོད་གཞི་དེ་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་རྗེས་ཞུ་སྦྱོར་ཕྱི་མ3ལ་རིམ་པ་བཞིན་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་གཉིས་དང་། དུས་བཀག་བཙོན་འཇུག་ཟླ་དགུ་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་གཅིག བཀག་ཉར་ཟླ་གསུམ་དང་ཁྲིམས་ཆད་ཕྱིར་འགྱངས་ཟླ་དྲུག་གི་ཁྲིམས་ཐག་བཅད་པ་དང་། སྒོར5000ཡི་དངུལ་ཆད་བཅད་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་བརྐུས་དངོས་ཚང་མ་གཞུང་བཞེས་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།