མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་སོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12ཚེས་10ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་ཕུལ་བྱུང་གི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་ཕུལ་བྱུང་གི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་གསར་པ་གསར་གཏོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་མཛད་དེ་གསུང་བཤད་གནང་།

མགོན་པོ་བཀྲ་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་མཛད་ཅིང་། ཁོང་ཡུང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་། ཞིང་ཆེན་གྱི་མགོ་ཁྲིད་ཡུས་ཚུང་ལི་དང་། ཀའོ་ཧྭ། ཝང་ཞའོ་ཡུང་བཅས་ཚོགས་འདུར་ཕེབས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དེས་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པར་ཐུགས་ཁུར་དང་གཅེས་སྐྱོང་ཆེ་ཤོས་གནང་བ་མཚོན་ཞིང་། རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་ཕུལ་བྱུང་གི་གཟེངས་བསྟོད་ཚོགས་ཆེན་ནི་དམངས་གཉེར་དཔལ་འབྱོར་ལ་གཟེངས་བསྟོད་དང་སྐུལ་ལྕག་ནུས་ལྡན་གནང་བ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་འབྱོར་ཕྱུག་ཤེས་དཔལ་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཆེད་ཐུན་མོང་ཐོག་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན།

ཞིན་ཁྲང་ཞིང་གིས་བསྟན་དོན། སྒྱུར་བཅོས་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ། ཏང་དང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་འོག་ཏུ། རྒྱ་ཆེའི་དམངས་གཉེར་ཁེ་ལས་རང་ངོས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། རང་རེའི་ཞིང་ཆེན་དུ་དམངས་གཉེར་དཔལ་འབྱོར་གཅིག་ཀྱང་མེད་པ་ནས་མགོ་བརྩམས་ཏེ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་བས། འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོང་། གསར་གཏོད་ལ་སྐུལ་འདེད། བསྒྱུར་བཅོས་ཟབ་སྤེལ། སྒོ་འབྱེད་རྒྱ་སྐྱེད་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་སྤེལ་བྱས་ཤིང་། ཁྱད་པར་དུ་པྲོག་གསར་རིམས་ནད་བྱུང་བ་ནས་བཟུང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་རང་འགུལ་ངང་རིམས་ནད་འགོག་སྡོམ་ནང་ཞུགས་ནས་དམངས་གཉེར་ཁེ་ལས་ཀྱི་བསམ་པའི་གསོན་ཤུགས་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། “བློ་བརྟན་འགྱུར་མེད་གཉིས་”ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་“འགྱུར་མེད་གསུམ་”གྱི་ཆོད་གཏམ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། མིག་སྔར་ལ་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་གཏད་དེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ། དམངས་གཉེར་ཁེ་ལས་བསྒྱུར་བཅོས་དང་གསར་གཏོད་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཉེ་གཙང་སྲིད་ཚོང་འབྲེལ་བ་འཛུགས་པར་ཤུགས་རྒྱག་པ། སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བ་དང་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་རྒྱབ་སྐྱོར་བྱས་ཡོད་ཅེས་བསྟན། 

ཚོགས་འདུའི་ཐོག་དམངས་གཉེར་ཁེ་ལས་པའི་འཐུས་མི་ཀྲའོ་ཤིན་ཉིང་གིས《སྐབས་ལྔ་པའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་ཕུལ་བྱུང་གི་གྲོས་གཞི་ཡི་གེ》སྒྲོག་སྦྱངས་བྱས།

ཞིང་ཆེན་ཏང་ཨུའི་པུའུ་ཨུ་ཁག་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་ཁག་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཁག་ཅིག མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། གྲོང་ཁྱེར་དང་ཁུལ་ཁག་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཤོག་ཁག་གི་བཅའ་སྡོད་འགན་འཁུར་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཚོང་ཚོགས། ཞིང་ཆེན་ས་གནས་གཞན་གྱི་ཚོང་ཚོགས་བཅས་ཀྱི་འགན་འཁུར་པ། འཛུགས་སྐྲུན་པ་ཕུལ་བྱུང་། དམངས་གཉེར་དཔལ་འབྱོར་མི་སྣའི་འཐུས་མི་བཅས་ཚོགས་ཆེན་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།