མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཨེ་ཙེའི་ནད་ཀྱི་མཆིན་ནད་ག་བར་ལྟ་ཞིབ་ཚད་ལེན་བྱེད་ས21བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་ཨེ་ཙེའི་ནད་འགོ་སླ་བའི་མི་ཚོགས་དང་གཙོ་གནད་མི་ཚོགས་ལ་ཨེ་ཙེའི་ནད་ཞིབ་བཤེར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།  2020ལོའི་ཟླ11པའི་བར་རྒྱལ་ཁབ་རིམ་པའི་ཨེ་ཙེའི་ནད་ཀྱི་མཆིན་ནད་ག་བར་ལྟ་ཞིབ་ཚད་ལེན་བྱེད་ས21བཙུགས་ཤིང་། དེ་གཞི་རྩའི་ཆ་ནས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ས་ཁུལ་གྱི་ཉེན་ཁ་ཆེ་བའི་མི་ཚོགས་དང་གཙོ་གནད་མི་ཚོགས་ལ་ཁྱབ་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཨེ་ཙེའི་ནད་ཀྱི་ལྟ་ཞིབ་དང་ཚད་ལེན་གྱི་དྲ་རྒྱ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཞིང་ཆེན་ཡོངས་སུ་གནད་ཁེལ་ཚོད་ལྟ་ཁང་5དང་འདེམས་སྒྲུག་ཞིབ་བཤེར་ཚོད་ལྟ་ཁང60ལས་གྲུབ་པའི་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ཡོད་ལ། རྫོང་རིམ་པ་ཡན་གྱི་སྨན་བཅོས་སྒྲིག་གཞི་དང་མ་བུའི་འཕྲོད་སྦྱོར་སྒྲིག་གཞི། ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་བཅས་མང་ཆེ་བར་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ལྡན་ཞིང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་དང་ཤང་གྲོང་འཕྲོད་བསྟེན་ཁང་ཁག་གཅིག་ལ་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ལྡན་ཡོད། ཞིང་ཆེན་ཡོངས་ཀྱི་མི་ཚོགས་སྣ་ཚོགས་ལ་ཨེ་ཙེའི་ནད་ཞིབ་བཤེར་ཚད་ལེན་བྱེད་ཚད་དེ་2016ལོའི་མི་ཐེངས་ཁྲི60.8ནས2020ལོའི་མི་ཐེངས་ཁྲི85.4བར་མང་དུ་ཕྱིན་ཡོད། ཞིང་ཆེན་ཡོངས་སུ་ཨེ་ཙེའི་ནད་ཀྱི་རིན་མི་དགོས་པར་རང་མོས་བློ་འདྲི་དང་ཞིབ་དཔྱད་ཚད་ལེན་ས་ཚིགས138བཙུགས་ནས་ལོ་རེར་མི་ཚོགས་སྣ་ཚོགས་ལ་རིན་མི་དགོས་པར་ཞིབ་དཔྱད་ཚད་ལེན་བློ་འདྲི་ཁྲི2ལྷག་ཙམ་མཁོ་འདོན་བྱས་ཡོད། 

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ཡོངས་ཀྱིས་ཨེ་ཙེའི་ནད་འགོག་བཅོས་ལས་དོན་ནང་ཧུར་ཐག་ངང་ཞུགས་པས། ཨེ་ཙེའི་ནད་འགོག་བཅོས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཁྲག་རྒྱུའི་ཁྱབ་སྤེལ་དང་སྡོད་རྩར་དུག་ཁབ་བརྒྱབ་ནས་ཁྱབ་སྤེལ། མ་བུའི་བར་གྱི་ཁྱབ་སྤེལ་བཅས་ལ་ཚོད་འཛིན་ནུས་ལྡན་ཐོབ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་འགན་ལེན་ནུས་ལྡན་ཐུབ་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།