ལིག་ཐུང་ཏི་ཡིས་མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཡིས་སྣེ་ཁྲིད་དེ་མུ་རིའི་གཏེར་ཁུལ་གྱི་ཅུའུ་ཧུའུ་ཀིན་གཏེར་ཁུལ་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་ནས་ཅུའུ་ཧུའུ་ཀིན་3པ་དང་4། 5། 8པའི་གཏེར་ཁུང་དུ་ས་འགེབ་པ། བྱེ་སྒང་ལ་ལྗང་བསྒྱུར་བྱེད་པ། རི་སྒང་བཅོས་སྐྱོང་། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་གཙོ་གནད་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་གནས་ཚུལ་མཚམས་སྦྱོར་ལ་ཉན།  

ལིག་ཐུང་ཏི་ཡིས་བསྟན་དོན། ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་དང་། མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་བྱེད་པའི་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་བཟོ་སྐྲུན་ཆེན་པོ་ཞིག་ཀྱང་ཡིན། ཞིང་ཆེན་ཏང་ཨུར་བླང་བྱ་དང་བཀོད་སྒྲིག་ཡོད་ན། དམངས་ཆེན་ལའང་བྱེད་སྟངས་ཡོད་ཅེས་བསྟན།  

ལིག་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། བཅོས་སྐྱོང་བྱ་བས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ཏེ། དོན་དངོས་ཀྱི་བྱེད་སྟངས་ཀྱིས་འདུ་ཤེས་བཞི་དང་ཡིད་རྟོན་བཞི། སྲུང་སྐྱོང་གཉིས་ཀྱི་བྱེ་བྲག་ཅན་དང་ལག་ལེན་ཅན་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ཏེ། འགན་འཁྲི་དོན་དོན་འཁྱོལ་དང་། དུས་ལྟར་དུ་ཕྱོགས་བསྡུས་བཅོས་སྐྱོང་གི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པ་དང་། བཅོས་སྐྱོང་སྔོན་ལ་བྱེད་པ་དང་སླར་གསོ་གཙོར་འཛིན་པ། ཚན་རིག་གི་བཅོས་སྐྱོང་།གནད་འཁེལ་ཐབས་ཇུས་ལག་བསྟར། གཅིག་བསྡུས་སྒོས་རྡོ་ཟེགས་ཀྱི་བྱེ་སྒང་བཅོས་སྐྱོང་དང་། སོལ་ཁུང་བཅོས་སྐྱོང་། རྩྭ་འདེབས་ལྗང་བསྒྱུར། བརླན་ས་སླར་གསོ་སོགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལེགས་བཅོས་རྒྱུན་འཁྱོངས་བྱས་ནས། གྲུབ་འབྲས་ལ་དུས་ཚོད་དང་ལོ་རྒྱུས་ཀྱི་དཔྱད་ཞིབ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་བཅོས་སྐྱོང་དང་། ཁྲིམས་ལུགས་ལག་བསྟར་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། བཅའ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་གྱིས། གནོད་འཚེའི་སྦྱིན་ཚབ་དང་འགན་འཁྲི་རྩད་གཅོད་ཀྱི་ཤུགས་ཚད་ཆེ་རུ་གཏོང་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།