ཁོང་ཡུང་གིས“འཛམ་གླིང་ཨེ་ཙིའི་ནད་ཉིན་མོར”སྨན་དོན་མི་སྣ་དང་ནད་པར་གཟིགས་ཞིབ་དང་འཚམས་འདྲི་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན། “འཛམ་གླིང་ཨེ་ཙིའི་ནད་ཉིན་མོ”ཨང33པའི་སྐབས་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ཕེབས་ནས་སྨན་དོན་མི་སྣ་དང་ནད་པར་གཟིགས་ཞིབ་དང་འཚམས་འདྲི་གནང་བ་རེད།

ད་ལོར་རང་རྒྱལ་གྱི་དྲིལ་བསྒྲགས་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ལག་གདང་སྦྲེལ་ནས་ཨེ་ཙིའི་ནད་སྔོན་འགོག་བྱས་ཏེ་བདེ་ཐང་གི་འགན་འཁྲི་མཉམ་དུ་འཁུར་”ཞེས་པ་དེ་ཡིན། ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ཕེབས་ནས། ཁོང་གིས་སྨན་དོན་མི་སྣར་མེ་ཏོག་ཕུལ་བ་དང་འཚམས་འདྲིའི་དངུལ་སྤྲད་དེ་ཨེ་འགོག་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་གྱི་སྨན་དོན་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་གུས་འདུད་ཞུས་ཤིང་། སྔོན་ལ་དུག་འགོག་ཨེ་འགོག་དམ་བཅའི་མིང་འགོད་ལྡེབས་ངོས་སུ་མིང་རྟགས་བཀོད་ནས་དམ་བཅས། དེའི་རྗེས་སུ་ནད་ཁང་དུ་སོང་ནས་ཨེ་ཙིའི་ནད་ལ་སྨན་བཅོས་བྱེད་པའི་ནད་པར་གཟིགས་པ་དང་། ཁོ་ཚོ་དང་བྱམས་བརྩེའི་ཕྱག་འཇུ་གནང་ཞིང་ཁོང་ཚོའི་སྨན་བཅོས་དང་འཚོ་བའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་ཞོར། ཁོང་ཚོར་སེམས་ཁམས་སྙོམ་སྒྲིག་བཟང་པོ་བྱས་ནས་སྨན་བཅོས་བྱེད་པར་ཧུར་ཐག་གིས་གཞོགས་འདེགས་བྱེད་དགོས་པར་སྐུལ་མ་གནང་། 

ཁོང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་ཨེ་ཙིའི་ནད་འགོག་བཅོས་ཀྱི་ཤེས་བྱ་རྒྱ་ཁྱབ་ཏུ་ཁྱབ་སྤེལ་བྱས་ཏེ། དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས་མི་ཚོགས་སྔར་བས་མང་བའི་ངོས་འཛིན་ཆུ་ཚད་དང་སྔོན་འགོག་ནུས་པ་མཐོ་རུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནད་པ་དང་ནད་པའི་ཚེ་སྲོག་སྐྱོབ་དགོས་པ་མ་ཟད་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་ལ། འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་སྨན་བཅོས་ལས་ཁུངས་ཀྱིས་ཨེ་ཙིའི་ནད་འགོག་བཅོས་ཁྲོད་ཀྱི་རང་མོས་བློ་འདྲི་དང་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཨེ་ཙེའི་ནད་འགོས་སླ་བའི་མི་ཚོགས་དང་གཙོ་གནད་མི་ཚོགས་ལ་ཨེ་ཙེའི་ནད་ཞིབ་བཤེར་ཚད་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་ཞིབ་དཔྱད་ཚད་ལེན་གྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ནད་པ་ཤེས་རྟོགས་ཐུབ་པ་དང་། ཕྱོགས་བསྡུས་ཐེ་གཏོགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཕྱོགས་བསྡུས་ཐེ་གཏོགས་ཀྱི་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་དང་། སྐྱེད་སྲིང་དང་ཁྲིད་སྟོན་བྱེད་ཐབས་དོན་འཁྱོལ་བྱས་ནས་སྤྱི་ཚོགས་རྩ་འཛུགས་ནང་ཞུགས་པའི་གསོན་ཤུགས་འཕེལ་བར་བྱེད་པ། ཨེ་ཙིའི་ནད་ལྟ་ཞིབ་ཚད་ལེན་དྲ་བར་བརྟེན་ནས་སྦྱར་ནད་འགོག་བཅོས་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།