རྨ་ལྷོ་རྫོང་གིས“1+N”སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་མཐོ་སྒང་གི་ཤེས་ལྡན་པའི་མཐོ་གནས་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས24ཉིན་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་སློབ་གྲྭ་དང་ས་གནས་མཉམ་ལས་སྒོས་རྩྭ་ཐང་དོ་དམ་སྲུང་སྐྱོང་དང་ཕྱུགས་རིགས་སྨན་བཅོས། བཟའ་བཅའ་ལས་སྣོན། ནུས་ཆེའི་གསོ་ཚགས་སོགས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས8ལ་སྤེལ་བ་དང་། རྨང་གཞིའི་ཤེས་ལྡན་མི་སྣ659གསོ་སྦྱོང་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྗེས་གྲབས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གཅིག་བསྡུས་བྱས། 

རྨ་ལྷོ་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི3600ཡན་ཟིན། ས་བབ་མཐོ་ཞིང་དབྱང་རླུང་དཀོན་ལ། དཔལ་འབྱོར་ཐོན་ལས་ཀྱི་གྲུབ་ཆ་སྣ་རྐྱང་ཡིན་པ། ལྷག་པར་དུ་སྐྱེ་ལྡན་འབྲོག་ལས་འཕེལ་རྒྱས་དང་ཚན་སློབ་རིག་འཕྲོད་སོགས་ལས་རིགས་ཁྱབ་ཁོངས་ནང་ཆེད་ལས་ལག་རྩལ་ཤེས་ལྡན་པ་དཀོན་པས་ཤེས་ལྡན་མི་སྣའི་སྟོབས་ཤུགས་ཞན་ཞིང་འབྲིང་རིམ་དང་མཐོ་རིམ་ཤེས་ལྡན་མི་སྣའི་གསོག་འཇོག་ལས་སྟེགས་ཡག་པོ་མེད།

2019ལོ་ནས་བཟུང་། རྨ་ལྷོ་རྫོང་གིས་ས་ཁུལ་གྱི་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་གཞི་བཙུགས་ནས“1+N”སློབ་གྲྭ་དང་ས་གནས་ཀྱིས་མཉམ་ལས་རྣམ་པ་མུ་མཐུད་དུ་བཏོད་དེ་མཚོ་སྔོན་སློབ་ཆེན་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་སོགས་མཐོ་སློབ་དང་མཉམ་ལས་གྲོས་མཐུན་མང་པོ་བཞག་པ་དང་། སློབ་གྲྭ་དང་ས་གནས་མཉམ་ལས་མནའ་འབྲེལ་ཡང་བཙུགས་ཡོད། མཉམ་ལས་མཐོ་སློབ་ཀྱིས་རང་ངོས་ཀྱི་སློབ་གཉེར་ཁྱད་ཆོས་དང་རྨ་ལྷོ་རྫོང་གི་ཤེས་ལྡན་མི་སྣའི་འཕེལ་རྒྱས་འཐབ་ཇུས་ཟུང་འབྲེལ་བྱས་ནས་རྫོང་ཁོངས་འཕེལ་རྒྱས་དང་འཚམ་པའི་ཞིང་འབྲོག་ཆུ་བེད་ཚན་རྩལ་དང་རྩྭ་ཐང་དོ་དམ་སྲུང་སྐྱོང་། ཕྱུགས་རིགས་སྨན་བཅོས། བཟའ་བཅའ་ལས་སྣོན་སོགས་ཁྱད་ལྡན་ཆེད་ལས་གཙོ་གནད་ཐོག་བཏོད་ནས་ཆེད་ལས་ཤེས་ལྡན་མི་སྣར་གསོ་སྦྱོང་བྱས་པ་མ་ཟད། རྨ་ལྷོ་རྫོང་གཡི་སྒང་ཉིན་གྲོང་རྡལ་དུ་རྩྭ་ཐང་འབྲོག་ལས་དང་རྩྭ་རའི་ཚན་ཞིབ་སློབ་ཁྲིད་ཀྱི་ཕྱོགས་བསྡུས་ཚོད་ལྟའི་རྟེན་གཞི་ཡང་བཙུགས་པ་རེད། དེ་དང་ཆབས་ཅིག་དོན་དངོས་དང་ཕུགས་རིང་གི་དགོས་མཁོ་གཞིགས་ནས་མངགས་བཅོལ་གསོ་སྦྱོང་དང་མཉམ་འབྲེལ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་མཐོ་རིམ་ཤེས་ལྡན་མི་སྣའི་མངགས་ཐོ་རྣམ་པའི་གསོ་སྦྱོང་བྱས་ཏེ་རྨ་ལྷོ་རྫོང་ལ་ཆུ་ཚད་མཐོ་བའི་ཆེད་ལས་ལག་རྩལ་དང་དོ་དམ་ཐད་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།