མཚོ་སྔོན་ཞིང་ཆེན་གྱི་ཨེ་འགོག་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས30ཉིན་ཏེ། “འཛམ་གླིང་གི་ཨེ་ཙི་ནད་འགོག་ཉིན་མོ”ཐེངས་33པ་ཐོན་ལ་ཉེ་སྐབས། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི་”རིང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཨེ་འགོག་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། 《ཨེ་ཙེའི་ནད་མཆེད་པ་བཀག་འགོག་བྱེད་པའི་ལག་བསྟར་ཇུས་གཞི(2019ལོ་ནས་2022ལོ་བར)》དང《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ལག་བསྟར་འཆར་གཞི(2017ལོ་ནས་2020ལོ་བར)》ལག་བསྟར་ནན་མོ་བྱས་པ་དང་། “རྩ་ཆག་བཞི་དང་ཐུགས་ཁུར་གཅིག་”གི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཐོག  ཞིང་ཆེན་ཡོངས་སུ་ཨེ་ཙི་འགོས་ནད་ཀྱི་ནད་དུག་འགོག་པར་སྨན་བཅོས་བྱེད་པའི་གཏན་འཁེལ་གྱི་སྨན་ཁང་8གསར་དུ་བསྣན་པས། “1+9”ཨེ་ཙི་འགོས་ནད་ཀྱི་ནད་དུག་འགོག་པའི་གསོ་བཅོས་བྱེད་སྟངས་ཆགས་ཡོད་པ་དང་། ཨེ་ཙི་ནད་ཀྱི་ནད་དུག་འགོག་པའི་སྨན་བཅོས་བྱ་བ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་པ་དང་། ཨེ་ཙི་ནད་ཀྱི་རིམས་ནད་ཁྱབ་ཚུལ་དམའ་བའི་ཆུ་ཚད་ཚོད་འཛིན་བྱས། 

 ཨེ་ཙི་འགོས་ནད་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་སྔར་ལས་འཐུས་ཚང་དུ་བཏང་ཞིང་། ཞིང་ཆེན་ཡོངས་སུ་དཔང་རྟགས་གཏན་འཁེལ་གྱི་ཚོད་ལྟ་ཁང་5དང་གྲལ་བཤེར་ཚོད་ལྟ་ཁང་60ལས་གྲུབ་པའི་ཞིབ་དཔྱད་ཚད་ལེན་དྲ་བ་བཙུགས་ཟིན་པ་དང་། རྫོང་རིམ་པ་ཡན་གྱི་སྨན་བཅོས་སྒྲིག་གཞི་དང་ བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྒྲིག་གཞི། ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་བཅས་མང་ཆེ་བར་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ལྡན་པ་མ་ཟད། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་དང་ཤང་གྲོང་འཕྲོད་བསྟེན་ཁང་ཁག་གཅིག་ལ་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ལྡན།

ཉེན་ཁ་ཆེ་བའི་མི་ཚོགས་ཀྱི་བྱ་སྤྱོད་ཐེ་གཏོགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག  སྤྱི་ཚོགས་རྩ་འཛུགས་ཀྱིས་སྡེ་ཁུལ་དུ་དྲིལ་བསྒྲགས་ཐེ་གཏོགས་དང་ཞིབ་དཔྱད་ཚད་ལེན་བྱེད་པར་སྐུལ་སློང་བྱེད་པའི་བྱེད་སྒོ་སྤེལ་བར་རོགས་སྐྱོར་བྱས་ཏེ། ནད་འགོས་མཁན་གྱིས་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་སྨན་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་ཁྱབ་སྤེལ་ཉུང་དུ་གཏོང་བར་སྐུལ་འདེད་བྱས། མིག་སྔའི་བར་ཞིང་ཆེན་ཡོངས་སུ་སྤྱི་ཚོགས་རྩ་འཛུགས10ཨེ་ཙེའི་ནད་འགོག་བཅོས་ལས་དོན་ནང་ཞུགས་ཡོད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པ”ནས་ད་ལྟའི་བར་ཞིང་ཆེན་ཡོངས་ནས་ཉེན་ཁ་ཆེ་བའི་མི་ཚོགས་སྣ་ཚོགས་མི་ཐེངས་ཁྲི་15ལྷག་ཙམ་ལ་རང་འགུལ་ངང་ཐེ་ཇུས་ཞིབ་དཔྱད་ཚད་ལེན་བྱས་པ་རེད།



རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།