​དཔའ་ལུང་རྫོང་གིས་ཏུན་ཁྲི10ཡི་སྐྱེ་ལྡན་ལུད་རྫས་ལས་གཞི་འཛུགས་སྐྲུན་ལས་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། དཔའ་ལུང་རྫོང་གིས་ཉེ་ལམ་ཀ་མདོ་གྲོང་རྡལ་ཧྲོས་ཁྲིའུ་སྡེ་བའི་མཐོ་སྒང་སྐྱེ་ཁམས་ཞིང་ལས་དཔེ་སྟོན་ར་བ་ཁུལ་དུ་ཏུན་ཁྲི10ཅན་གྱི་སྐྱེ་ལྡན་ལུད་རྫས་འཛུགས་སྐྲུན་ལས་གཞི་ལས་འགོ་རྩོམ་པའི་མཛད་སྒོ་བསྡུས་པ་དང་། ལས་གཞི་འདིས་མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཆུའི་འགྲམ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོར་བསྒྲུབས་ཏེ་དྭངས་གཙང་ཆུ་བོ་ཤར་ཏུ་བཞུར་བར་ཁག་ཐེག་བྱེད་པ་དང་། འགོ་ཁུངས་ཀྱི་འགན་འཁྲི་དང་གཞུང་རྒྱུན་གྱི་འགན་ཁུར་འདོན་སྤེལ་གང་ལེགས་བྱས་པའི་དུས་མཚུངས་སུ། ཤུགས་ཆེན་པོས་མཐོ་སྒང་གི་ལྗང་མདོག་བཙོག་མེད་ཞིང་ལས་ཐོན་རྫས་ཀྱི་ཆས་རྟགས་གསར་འཛུགས་བྱེད་པ་དང་། ཕྱུགས་ཟོག་གསོ་སྤེལ་ར་བ་ཆེ་གྲས་ཀྱི་བཤང་གཅི་དག་ཐག་གཅོད་བྱེད་པ། ཞིང་ལས་ལོ་ཏོག་གི་རྫས་འགྱུར་ལུད་རྫས་ལ་སྐྱེ་ལྡན་ལུད་རྫས་ཀྱིས་ཚབ་བྱེད་པ་སོགས་ལ་དོན་སྙིང་གལ་ཆེན་ལྡན།

ལས་གཞི་འདིའི་སའི་རྒྱ་ཁྱོན་ལ་མུའུ82ཡོད་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར1ཡིན་ལ། སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་འཁོར་ཁང་སྨི་གྲུ་བཞི་མ8100དང་མ་བཅོས་རྒྱུ་ཆ་གསོག་ཉར་ཁང་སྨི་གྲུ་བཞི་མ5000། སྐྱེ་ལྡན་ལུད་རྫས་ཐོན་རྫས་གསོག་ཉར་ཁང་སྨི་གྲུ་བཞི་མ5000། ཐུམ་རྒྱག་འཁོར་ཁང་སྨི་གྲུ་བཞི་མ1500བཅས་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ། ལོ་རེར་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི10ཡི་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་སྒྲུབ་རིམ་གཅིག་འཛུགས་སྐྲུན་བྱས་ཡོད་པས། ཉིན་རེར་ཕྱུགས་ཟོག་དང་ཁྱིམ་བྱའི་བཤང་གཅི་ཏུན500ཐག་གཅོད་བྱེད་ཐུབ། མིག་སྔར། ཀུང་ཟི་འདིས་ས་གནས་ཞིང་ཁྱིམ་དང་ཚགས་འཛུགས་བྱང་སྒྲིག་གི་ངལ་རྩོལ་པ་མི40ལྷག་ལས་ཞུགས་བྱེད་དུ་བཅུག་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།