མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་དོན་ཚན18ཀྱི་གསལ་ཐོ་བཏོན།

    དགེ་རྒན་གྱིས་བློ་བདེ་དང་སེམས་ལྷོད། བག་ཕེབས་བཅས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་པའི་ཁོར་ཡུག་སྔར་ལས་ལེགས་པོ་ཞིག་བསྐྲུན་དགོས།
    མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་དོན་ཚན18ཀྱི་གསལ་ཐོ་བཏོན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བ་དང་སློབ་གསོ་སློབ་ཁྲིད་ལ་ཁོར་ཡུག་སྔར་བས་བཟང་པོ་བསྐྲུན་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཏང་ནས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་དོན་ཚན18ཀྱི་གསལ་ཐོ་བཏོན་པ་རེད། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་སྔར་བས་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་བོ་བཏོད་དེ་དགེ་རྒན་གྱི་བློ་བདེ་བ་དང་། སེམས་ལྷོད་པ། བག་ཕེབས་ངང་སློབ་ཁྲིད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

ཁུར་པོ་ཡང་དུ་གཏོང་བའི་དོན་ཚན18ཀྱི་གསལ་ཐོའི་ནང་། རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་ལ་འབྲེལ་བ་ཡོད་པའི་ལྟ་ཞིབ་ཞིབ་བཤེར་དཔྱད་བསྡུར་དཔྱད་ཞིབ་བྱེད་སྒོ་མི་སྤེལ་བ་དང་། རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་སྙན་སེང་ཐོ་འགོད་ཞུ་བའི་ཆེད་དམིགས་ལས་དོན་སྣ་ཚོགས་དང་བཟང་སྐྲུན་སྔོན་ཐོན་དཔྱད་བསྡུར་སོགས་ཀྱི་བྱེད་སྒོའི་ཁྲོད། སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་ཞུགས་པའི་བཀོད་སྒྲིག་བྱེད་མི་ཆོག་པ། དགེ་རྒན་གྱིས་སྲང་ལམ་དུ་ལས་འགན་སྒྲུབ་པ་དང་ཡོངས་ཁྱབ་ཞིབ་བཤེར་དང་བརྟག་དཔྱད་བྱེད་པའམ་ཡང་ན་དགེ་རྒན་གྱི་འགན་འཁྲི་དང་འབྲེལ་བ་མེད་པའི་ལས་ཀ་གཞན་དག་སོགས་སྒྲུབ་དགོས་པའི་བཀོད་སྒྲིག་བྱེད་མི་ཆོག ཞིབ་བཤེར་གཏན་འབེབས་མ་བྱས་པར་གསལ་ཐོའི་ནང་བཅུག་པའི་སློབ་གྲྭ་ཆུང་འབྲིང་ལ་ཕྱོགས་པའི་སློབ་གྲྭར་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་སྤེལ་མི་ཆོག་པ་དང་། སྡེ་ཁག་གམ་ས་གནས་ཀྱིས་བཏོན་པའི་ཆེད་དོན་སློབ་གསོར། རྒྱལ་ཁབ་དང་ས་གནས་ཀྱི་སློབ་ཚན་སློབ་དེབ་ནང་འདྲེས་བྱེད་པར་གཙོ་བོར་འཛིན་པ་ལས། རྩ་དོན་སྟེང་སློབ་ཚན་ལོགས་སུ་བཀོད་སྒྲིག་མི་བྱེད་པ་དང་། ཆེད་དོན་སློབ་གསོའི་སློབ་དེབ་དང་ཀློག་དེབ་རྩོམ་འབྲི་དང་འདེམས་སྤྱོད་བྱེད་པ་གཅིག་གྱུར་གྱིས་རྩ་འཛུགས་མི་བྱེད་པ། ཚོང་འགུགས་མ་འདྲེན་དང་ཁང་པ་བཤིག་སྤོ་སོགས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁུར་དགོས་པའི་ལས་ཀའི་རྣམ་པ་བསྒྱུར་ནས་སློབ་གྲྭ་ཆུང་འབྲིང་ལ་བགོ་འགྲེམ་བྱེད་མི་ཆོག དགེ་རྒན་ལ་བཀའ་བཀོད་རང་བཞིན་གྱི་ལས་འགན་སྤྲོད་པ་དང་། སློབ་གྲྭར་སློབ་མཚམས་འཇོག་ཏུ་བཅུག་ནས་སློབ་གྲྭའི་མི་ཤུགས་དང་། ས་ཆ་བཟུང་སྤྱོད་ཀྱིས་ཞལ་འདེབས་དང་བྱ་དགའ་སྤྲོད་པ། རིག་རྩལ་འཁྲབ་སྟོན། རྟེན་འབྲེལ་དུས་ཆེན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོའམ་དགེ་སློབ་རྩ་འཛུགས་བྱས་ནས་རྟེན་འབྲེལ་མཛད་སྒོ་དང་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བའི་རིག་རྩལ་ལེ་ཚན་དང་ལྟད་མོ་བ་བྱེད་དུ་བཅུག་མི་ཆོག རྫོང་དང་ཤང(གྲོང་རྡལ་དང་སྲང་ལམ)རིམ་པ་གཉིས་ཀྱི་སྲིད་གཞུང་གིས་སྲིད་གཞུང་གི་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་འགན་འཁྲི་གཙོ་བོ་དེ་སློབ་གྲྭ་དང་དགེ་རྒན་ལ་བཙན་འགེལ་བྱེད་མི་ཆོག འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ལོ་རན་པའི་དབང་པོ་སྐྱོན་ཅན་གྱི་ན་ཆུང་བྱིས་པ་དང་། རྫོང་རིམ་པའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་དཔྱད་དཔོག་མ་བརྒྱུད་པའི་སློབ་གསོ་སྒོ་ཁར་བསྐྱལ་བར་གཏན་འཁེལ་བྱས་པའི་རིགས། ཕྱིར་ལོག་པའི་ཁ་ཏ་བྱེད་དགོས་པ་མ་ཟད་བྱེད་ཐབས་འོས་འཚམ་སྤྱད་དེ་སློབ་གྲྭར་ལོག་ཏུ་འཇུག་དགོས་པ་ལས། སློབ་གྲྭ་དང་དགེ་རྒན་སྒོ་རྩར་སློབ་ཁྲིད་བྱེད་པར་བཀོད་སྒྲིག་བྱེད་མི་ཆོག སློབ་གསོའི་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར་སྡེ་ཁག་གཞན་དག་གིས་རང་འགུལ་ངང་སློབ་གྲྭར་བསྐྱོད་དེ་ཞིབ་བཤེར་མཛུབ་ཁྲིད་དང་བརྟག་ཞིབ་སོགས་ཀྱི་ལས་དོན་སྤེལ་མི་ཆོག  སློབ་གྲྭ་དང་དགེ་རྒན་ལ་སྙན་ཐོའི་རེའུ་མིག་སྣ་ཚོགས་དང་སློབ་གསོ་དང་འབྲེལ་བ་མེད་པའི་དྲ་ཐོག་འདྲི་ཤོག་བརྟག་དཔྱད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་བྱེད་སྒོ་སྣ་ཚོགས་འབྲི་དགོས་པའི་བླང་བྱ་བཏོན་མི་ཆོག རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་སྡེ་ཁག་གང་གིས་ཀྱང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སྐོང་འཐེན་དང་གཡར་སྤྱོད་བྱེད་མི་ཆོག ཆོག་མཆན་ཐོབ་པའི་རིགས་ཀྱི་གཡར་སྤྱོད་དུས་ཡུན་དེ་རྩ་དོན་སྟེང་ལོ་ཕྱེད་ལས་བརྒལ་མི་ཆོག སློབ་གསོའི་སྡེ་ཁག་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གསོ་སྦྱོང་བྱེད་པ་ཕུད། རྩ་དོན་སྟེང་དགེ་རྒན་རྩ་འཛུགས་བྱས་ནས་སློབ་གསོའི་སློབ་ཁྲིད་མིན་པའི་ཐད་ཀྱི་གསོ་སྐྱོང་སྦྱོང་བརྡར་ལ་ཞུགས་སུ་བཅུག་མི་ཆོག་པ་དང་། དགེ་རྒན་མངགས་ནས་མི་གྲངས་ལོང་ཐབས་དང་འབྲེལ་མེད་གསོ་སྦྱོང་ལ་ཞུགས་སུ་བཅུག་མི་ཆོག སློབ་གྲྭ་དང་དགེ་རྒན་གྱིས་ཏང་ཨུའམ་སྲིད་གཞུང་གིས་ཞིབ་བཤེར་ཐོ་འགོད་བྱས་མེད་པའི་དཔེ་དེབ་དང་དཔེ་ཀློག་བྱེད་སྒོ། སློབ་སྦྱོང་རིགས་ཀྱིAppབཅས་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱེད་དགོས། སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསོ་དང་འབྲེལ་བ་མེད་པའི་སྐད་འཕྲིན་གྱི་སྤྱི་རྟགས་སྣ་ཚོགས་དང་། QQཚོམས། སྐད་འཕྲིན་ཚོམས་སོགས་ཀྱིས་ནང་དུ་བཙན་གྱིས་ཞུགས་སུ་བཅུག་མི་ཆོག  སློབ་གསོ་པུའུ་ཡི་ཕྱི་རོལ་དུ་སྡེ་ཁག་གཞན་དག་གིས་ཚོགས་པའི་ཚོགས་འདུའི་རྩ་དོན་སྟེང་སློབ་གྲྭ་དང་དགེ་རྒན་ཞུགས་དགོས་པའི་བླང་བྱ་བཏོན་མི་ཆོག སློབ་གྲྭ་དང་དགེ་རྒན་ཞུགས་དགོས་ཚེ་ཏང་ཨུ་དང་སྲིད་གཞུང་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས། ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་བཅས་ཀྱིས་སྐོང་ཚོགས་བྱས་པའི་སློབ་གསོའི་ལས་དོན་དང་འབྲེལ་བ་མེད་པའི་ཚོགས་འདུར་དགེ་རྒན་མངགས་པ་གཏན་འགོག་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་ལ་དམིགས་པའི་གསར་སྐྲུན་བྱེད་སྒོ་སྣ་ཚོགས་སྤེལ་རྩིས་ཡོད་ཚེ།   སློབ་གསོ་པུའུ་ཡིས་ཞིབ་བཤེར་དང་འགག་སྒོ་ནན་མོར་བསྲུངས་ནས། ཟླ་སྒྲིལ་གཏོང་ཐུབ་པ་ཚང་མ་ཟླ་སྒྲིལ་གཏོང་བ་དང་མེད་པར་བཟོ་ཆོག་པ་ཚང་མ་མེད་པར་བཟོ་བ། འབྲེལ་ཡོད་སྡེ་ཁག་དང་སྨན་བཅོས་ལས་ཁུངས། སྤྱི་ཕན་རང་བཞིན་གྱི་རྩ་འཛུགས་བཅས་ཀྱིས་སློབ་གྲྭ་ཆུང་འབྲིང་ལ་ཁ་ཕྱོགས་ནས་གཟུགས་པོར་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་བའི་རིགས། སྔོན་ལ་སློབ་གསོའི་སྡེ་ཁག་གི་ཆོག་མཆན་ཐོབ་དགོས་པར་མ་ཟད་བཀོད་སྒྲིག་ཀྱང་བྱེད་དགོས། སྤྱིར་བཏང་དུ་སློབ་མ་གསར་བའི་ལུས་ཕུང་ལ་བརྟག་བཤེར་བྱེད་པའམ་ཡང་ན་ལོ་རེར་ཐེངས་གཅིག་ལ་རྒྱུན་ལྡན་གྱི་ལུས་ཕུང་ལ་བརྟག་བཤེར་བྱེད་པ་དང་ཟུང་འབྲེལ་བྱེད་དགོས་པ་ལས། ཡང་བསྐྱར་སློབ་ཁྲིད་བྱེད་མཚམས་བཞག་ནས་ལུས་ཕུང་ལ་བརྟག་བཤེར་བྱེད་མི་ཆོག ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་སློབ་གསོ་སྡེ་ཁག་གི་ཞིབ་མཆན་ཆོག་མཆན་མ་ཐོབ་པར་སློབ་གསོའི་སློབ་ཁྲིད་དང་འབྲེལ་བ་མེད་པ་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ལྕི་རུ་གཏོང་བའི་དོན་གནད་དང་བྱེད་སྒོ་གཞན་དག་སྤེལ་མི་ཆོག་པ་བབཅས་སོ། །


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།