དཔའ་ལུང་རྫོང་གི་དབང་བོ་སྐྱོན་ཅན་མི་སྣའི་ཁམས་གསོའི་ཞབས་ཞུ་བྱེད་ཚད100%ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གིས་དབུལ་སྐྱོར་འཁོར་ཁང་འཕེལ་རྒྱས་བཏང་སྟེ་ལས་རིགས་གསར་བར་སྐུལ་འདེད་བྱེད་པ་དང་། ཧུར་བརྩོན་གྱིས་དབང་བོ་སྐྱོན་ཅན་མང་ཚོགས་དབུལ་ཐར་འབྱུང་བར་སྣེ་ཁྲིད་བྱེད་པའི་དུས་མཚུངས་སུ་ཕྱིར་བསྐྱོད་མི་ཐུབ་པ་དང་རང་ཡུལ་དུ་ལས་ཞུགས་བྱེད་དཀའ་བའི་དབུལ་ཕོངས་ངལ་རྩོལ་པར་ཧུར་བརྩོན་གྱིས་དབུལ་སྐྱོར་འཁོར་ཁང་གི་ཚོད་ལྟའི་ལས་གཞི་འཚོལ་ཞིབ་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་དེ་རྫོང་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གི་ཁྱོན་ཡོངས་ཀྱི་འཆར་འགོད་ཁྲོད་བཞག་སྟེ། དབང་བོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བ་དང་སྨན་བཅོས། ཁམས་གསོའི་ཞབས་ཞུ་ལ་དམིགས་ནས་དབང་བོ་སྐྱོན་ཅན་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཆ་ཚང་ཞིག་བཏོན་ནས། གོ་རིམ་ལྡན་པའི་ངང་དབང་བོ་སྐྱོན་ཅན་གྱི་གནད་འཕིགས་དབུལ་སྐྱོར་བྱ་བར་སྐུལ་འདེད་བཏང་། ཤང་གྲོང་དང་གཞིས་ཁུལ་གྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལེགས་ཆ་བེད་སྤྱད་དེ། ཧུར་བརྩོན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་སྟོབས་ཤུགས་མཐུན་སྦྱོར་དང་། ཤང་གྲོང་དང་གཞིས་ཁུལ་བགོས་ནས་གསེད་འདེམས་བྱ་བ་སྤེལ་ཏེ་ཆ་རྐྱེན་དང་འཚམ་པའི་དབང་བོ་སྐྱོན་ཅན་བྱིས་པར་རིན་མེད་སྒོས་ཁམས་གསོ་དང་རོགས་འདེགས་སྒྲིག་ཆས་ཚོད་ལྟ། ཁམས་གསོའི་རོགས་སྐྱོར་ཞབས་ཞུ་སོགས་མཁོ་འདོན་བྱས། མིག་སྔའི་བར་དུ། དབང་བོ་སྐྱོན་ཅན་སྣ་ཚོགས་ལ་རོགས་འདེགས་སྒྲིག་ཆས265བྱིན་པ་དང་། རྫོང་ཡོངས་སུ་ཚགས་སྒྲིག་དང་ཐོ་འགོད། ཁམས་གསོའི་ཞབས་ཞུ་མཁོ་བའི་དབང་བོ་སྐྱོན་ཅན་མི4012ཡོད་ལ། ཁམས་གསོའི་ཞབས་ཞུ་མཁོ་འདོན་བྱས་པ་མི3644དང་ཁམས་གསོའི་ཞབས་ཞུ་བྱེད་ཚད90.83%ལ་སླེབས་ཡོད། ཁམས་གསོའི་ཞབས་ཞུ་མཁོ་བའི་ཚགས་འཛུགས་བྱང་སྒྲིག་གི་མི1683ལ་ཁམས་གསོའི་ཞབས་ཞུ་བྱས་ཤིང་ཞབས་ཞུ་བྱེད་ཚད100%ལ་སླེབས།

གཞན་ཡང་། དཔའ་ལུང་རྫོང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་དེ་ས་གནས་དམིགས་ཚད་དཔྱད་ཞིབ་བྱ་བའི་ཁྲོད་བཞག་སྟེ། གསོ་སྦྱོང་གི་དགོས་མཁོ་ཡོད་པའི་དབང་བོ་སྐྱོན་ཅན་ཡོངས་ལ་ལས་རིགས་སློབ་གསོ་དང་དངོས་བཀོལ་ལག་རྩལ། ཆེད་ལས་ལག་རྩལ་བཅས་ཀྱི་གསོ་སྦྱོང་བྱས་ལ། སྤྱི་ཕན་རང་བཞིན་གྱི་ལས་རྐང་དང་ལས་ཞུགས་ལས་སྐྲུན་གྱི་རྟེན་གཞི་བཀོད་སྒྲིག ཁེར་གཉེར་ལས་ཞུགས། ཁྱིམ་སྡོད་ལས་ཞུགས་སོགས་ཀྱི་རྣམ་པས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱས་པ་དང་། ས་གནས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཤུགས་ཆེན་པོས་དབང་བོ་སྐྱོན་ཅན་གྱི་དབུལ་སྐྱོར་དང་རོགས་སྐྱོར། ཁམས་གསོ། ལས་ཞུགས་སོགས་ཀྱི་དམངས་འཚོའི་བཟོ་འགོད་ལག་བསྟར་བྱས་ཏེ། དབང་བོ་སྐྱོན་ཅན་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་ཕན་ནུས་ལྡན་པའི་སྒོ་ནས་འགན་སྲུང་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།