ཀྲང་ལིས་ཀྱིས་ཚོགས་པ་ཁྲིད་དེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་ཚོགས་སྐབས་བཅུ་བདུན་པར་ཞུགས།

 ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཚོགས་པ་ཁྲིད་དེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་ཚོགས་སྐབས་བཅུ་བདུན་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ལ་ཞུགས།

འགོ་རྩོམ་མཛད་སྒོར་ཞུགས་རྗེས། ཀྲང་ལིས་རང་ཞིང་གི་འགྲེམ་ཁུལ་ལ་སོང་ནས་འགྲེམ་སྟོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། འགྲེམ་ཞུགས་ཁེ་ལས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་མ་ཟད། ཁེ་ལས་ཀྱི་འཐུས་ཚབ་མི་སྣ་དང་མཉམ་དུ་ཐོན་རྫས་ཉོ་འཚོང་དང་ཉོ་ཚོང་མཉམ་ལས་སོགས་གནད་དོན་ཐད་ནས་བརྗེ་རེས་བྱས། ཁོ་མོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཁུལ་ཁོངས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ལ། སྒོ་འབྱེད་སྟེགས་བུ་མྱུར་དུ་འཛུགས་སྐྲུན་བྱས་པ་དང་། ཉོ་ཚོང་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་ལ། འགུལ་སྐྱོད་དངོས་ལ་བརྟེན་ནས་སྒོ་འབྱེད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་པ་དང་གྲུབ་འབྲས་བཟང་བོ་བླངས་་ཡོད། 

ཀྲང་ལིས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། འདུ་ཤེས་སྔར་ལས་བརྟན་པོ་དང་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ཏེ། མཚོ་སྔོན་གྱི་གསར་གཏོད་འཕེལ་རྒྱས་དང་བཅོས་བསྒྱུར་སྒོ་འབྱེད་ཐད་སྒུལ་ཤུགས་གསར་བ་སྣོན་དགོས། རྒྱུད་གཅིག་ལམ་གཅིག་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན་སོགས་ཀྱི་སྲིད་ཇུས་གོ་སྐབས་རབ་དང་རིམ་པ་དམ་འཛིན་བྱེད་པ་དང་། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རང་འགུལ་གྱིས་འགྱུར་ལྡོག་བརྩོན་ལེན་བྱས་ནས། ཧུར་ཐག་གིས་སྒོ་འབྱེད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཟེར། དེ་དང་མཉམ་དུ། ཁོ་མོས་རང་ཞིང་གི་ཁེ་ལས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགྲེམ་ཚོགས་བྱེད་ཐབས་སུ་བྱེད་པར་སྐུལ་འདེད་གཏོང་བ་དང་། མིག་རྒྱ་ཆེར་སྐྱེད་པ་དང་གོ་སྐབས་འཚོལ་བ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་ར་རྒྱ་སྐྱེད་དེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཕྱི་རུ་བསྐྱོད་པའི་ཐད་ཀྱི་མིག་དཔེ་རུ་བྱེད་དགོས། 

དེའི་རྗེས། ཀྲང་ལིས་སོགས་ཀོན་ལེན་གྲོང་ཁྱེར་དུ་སོང་ནས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་བརྟག་བཤེར་ཞིབ་འཇུག་བྱས།  །ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།