དབྱང་ཀྲི་ཝུན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགེ་ཐོན་སློབ་གསོའི་ཐད་ཀྱི་རེ་བ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ལྟར། མཐོ་རིམ་སློབ་གྲྭའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་དུས་རབས་གསར་བའི་དགེ་ཐོན་སློབ་གསོ་བཟང་བོར་བསྒྲུབ་དགོས།

དབྱང་ཀྲི་ཝུན་གྱིས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་བའི་མཐོ་རིམ་སློབ་གྲྭ་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་གཙོ་བོ་ཡིན་པ་སོགས་ཀྱི་ནང་དོན་ལ་དམིགས་ནས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་གོ་དོན་གཙོ་བོར་འགྲེལ་བཤད་གསལ་བོ་བྱས་པ་དང་། དུས་རབས་གསར་བར་མཐོ་རིམ་སློབ་གྲྭའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་ཞིབ་མོ་བྱས། དུས་རབས་གསར་བའི་དེང་རབས་ཅན་གྱི་དགེ་ཐོན་སློབ་ཆེན་ལ་བཅོས་སྐྱོང་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྨང་གཞི་གཏན་ཁེལ་དང་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ཏང་སྐྱོང་སློབ་གསོ་སྲོག་ཤིང་དུ་བྱས་པའི་འགོ་ཁྲིད་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་དྲུག་ཐད་ནས་འབད་འཐབ་ཁ་ཕྱོགས་དང་བྱ་བའི་བསམ་གཞིགས་བརྗེ་རེས་བྱས།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་དགེ་ཐོན་སློབ་ཆེན་ནི་རང་ཞིང་གི་དགེ་རྒན་སྐྱེད་སྲིང་བྱེད་ས་དང་། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོ་གྲུབ་ཚུལ་གྱི་འཐབ་ཇུས་གནད་ས་ཡིན་པས། ལོ་རྒྱུས་དང་དུས་རབས་ཀྱིས་བསྩལ་བའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་བ་དང་སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། སྙིང་སྟོབས་དར་སྤེལ་གཏོང་བ་དང་གསར་འབྱེད་གསར་གཏོད་བྱས་ནས། སློབ་གྲྭ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་ནན་མོ་བྱེད་པ་དང་། སློབ་གྲྭའི་སློབ་གསོ་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ། ཤེས་ལྡན་མི་སྣའི་སྐྱེད་སྲིང་སྤུས་ཚད་ཁྱོན་ཡོངས་ནས་མཐར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་བློ་གྲོས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།