ཧོ་ནན་རྫོང་དམངས་ཆེན་རྒྱུན་ཨུའི་དེ་སྔའི་ཀྲུང་རེན་ཟུར་པ་སྒྲོལ་མ་མཚོས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ལས་ཕུད་འདུག

ཧོ་ནན་རྫོང་དམངས་ཆེན་རྒྱུན་ཨུའི་དེ་སྔའི་ཀྲུའུ་རེན་ཟུར་པ་སྒྲོལ་མ་མཚོས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བཟོས་པས་ཏང་ཁོངས་ནས་ཕུད་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོ་ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། རྨ་ལྷོ་ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱིས་ཧོ་ནན་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཟུར་པ་སྒྲོལ་མ་མཚོས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་བཟོས་པར་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད། སྒྲོལ་མ་མཚོས་ཧོ་ནན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དང་ཧོ་ནན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས་རིང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་འགལ་བ་དང་། རྩ་འཛུགས་ལ་མི་སྒེར་གྱི་དོན་དག་གལ་ཆེན་ཇི་བཞིན་སྙན་སེང་མ་ཞུས་པ་དང་། སྤྱོད་གཙང་གི་སྒྲིག་ཁྲིམས་ལས་འགལ་ནས་སྒྲིག་འགལ་ངང་ཁེ་ལས་གཉེར་བ་རེད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཏེ་ཁྲིམས་འགལ་གྱིས་རྒྱལ་དབང་ས་ཞིང་ཉོ་འཚོང་བྱས་པ་དང་། ལས་གནས་ཀྱི་དབང་ཐང་སྤྱད་དེ་སྤྱི་པའི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་གྱི་མ་དངུལ་བདག་བཟུང་བྱས་པས་ལྐོག་ཟ་ཉེས་གསོག་གི་དོགས་གཞི་ཡོད། གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་འགན་དབང་ལས་བརྒལ་ཏེ་རྒྱལ་ཁབ་ལ་ཐད་ཀའི་དཔལ་འབྱོར་གྱོང་གུན་བཟོས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་གསོག་དོགས་གཞི་ཡོད།

སྒྲོལ་མ་མཚོ་ཚབས་ཆེ་བའི་སྒོ་ནས་ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་གི་སྒྲིག་ཁྲིམས་ལས་འགལ་བས། ཚབས་ཆེ་བའི་ལས་གནས་ཁྲིམས་འགལ་དང་ལྐོག་ཟའི་ཉེས་གསོག འགན་དབང་གང་བྱུང་དུ་སྤྱོད་པའི་ཉེས་གསོག་བཅས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཐག་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་རྨ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པ་བརྒྱུད། ཀྲུང་གུང་རྨ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཡང་ཐོབ་པ་ལྟར། སྒྲོལ་མ་མཚོ་ཏང་ཁོངས་དང་གཞུང་ལས་ནས་ཕུད་དེ། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུ་དང་།འབྲེལ་ཡོད་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ།


སྒྲོལ་མ་མཚོའི་ལོ་རྒྱུས་མདོར་བསྡུས།

  སྒྲོལ་མ་མཚོ། མོ། སོག་རིགས། 1968ལོའི་ཟླ6པར་སྐྱེས། མཚོ་སྔོན་ཧོ་ནན་རྫོང་གི་མི། ལས་ཐོག་སློབ་ཆེན་གྱི་རིག་གནས་ལྡན། 1985ལོའི་ཟླ9པར་བྱ་བར་ཞུགས། 1993ལོའི་ཟླ8པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས།

    1985.09—1988.01ཧོ་ནན་རྫོང་མདོ་གསུམ་ཤང་སྲིད་གཞུང་དུ་བྱ་བ་ལས།

    1988.01—1990.04ཧོ་ནན་རྫོང་གསེར་ལུང་ཤང་སྲིད་གཞུང་དུ་བྱ་བ་ལས།

    1990.04—1992.11ཧོ་ནན་རྫོང་ཉིང་མུའུ་ཐེ་ཤང་སྲིད་གཞུང་དུ་བྱ་བ་ལས།

    1992.11—1995.11ཧོ་ནན་རྫོང་ཉིང་མུའུ་ཐེ་ཤང་སྲིད་གཞུང་གི་ཤང་ཀྲང་གཞོན་པ།

    1995.11—2002.03ཧོ་ནན་རྫོང་ཀྲི་ཧོའུ་མའོ་ཤང་སྲིད་གཞུང་གི་ཤང་ཀྲང་གཞོན་པ།

    2002.03—2004.08ཧོ་ནན་རྫོང་ཡིའུ་ཀན་ཉིང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།

    2004.08—2009.09ཧོ་ནན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།

    2009.09—2011.09ཧོ་ནན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི།

    2011.09—2016.08ཧོ་ནན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ།

    2016.08—2020·11ཧོ་ནན་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། (ཁྲུའུ་རིམ་པ་གཞོན་པ། )

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།