ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ངལ་རྩོལ་པ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་དོན་པའི་བྱ་དགའ་ཐོབ་མཁན་དག་པེ་ཅིང་དུ་གཟེངས་བསྟོད་ཚོགས་ཆེན་ལ་ཕེབས་པར་དགའ་སྐྱེལ་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་ཚོགས་འདུར་ཞུགས།
ཝང་ཅན་ཅུན་གྱིས་བཤད་རྒྱུར། ཚོགས་འདུ་འདི་ནི་དུས་རབས་གསར་པར་སླེབས་རྗེས་ཀྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྡུས་པའི་རྒྱལ་ཡོངས་ངལ་རྩོལ་པ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་དང་པོ་དེ་ཡིན་པ་དང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་རྩོལ་པ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་དོན་པར་ཐུགས་ཁུར་གནང་བ་གང་ལེགས་ངང་མཚོན་ཡོད། གཟེངས་བསྟོད་ཐོབ་པའི་གཟི་བརྗིད་བླ་ན་མེད་དེ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོགས་ལ། ངལ་རྩོལ་པ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་དོན་པར་སྤྲད་པའི་མཚན་སྙན་མཐོ་ཤོས་ཡིན་པས་ཁྱེད་ཚོས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་ཁྲི330ཡི་ཚབ་བྱས་ནས་མཚན་སྙན་འདི་དང་ལེན་བྱེད་དགོས། ཁྱེད་ཚོར་རྟེན་འབྲེལ་ཞུ།།
གཟི་བརྗིད་མཚན་སྙན་ནི་གསོལ་འབུལ་བྱས་པའི་དྲིན་དྲན་པ་ཡིན་ཞིང་། ཚང་མ་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་ཁག་ནས་ཡོང་ལ། རང་སོ་སོའི་ལས་གནས་སུ་དཀའ་སྤྱད་འབད་བརྩོན་བྱས་ཡོད། འཐབ་ཕྱོགས་རིང་ཐུང་ཡོད་ལ་ལས་གནས་འདྲ་མིན་མཆིས། ཁྱེད་ཚོས་རང་ཉིད་ཀྱི་བྱས་རྗེས་ལ་བརྟེན་ནས་གཟི་བརྗིད་མཚན་སྙན་ཐོབ་པས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ།། མི་རིགས་ལ་དཔའ་བོ་དགོས་ལ་དུས་རབས་ལ་དཔེ་སྟོན་དགོས། འཇིག་རྟེན་ལ་མཛེས་སྡུག་མང་པོ་ལྡན་ཡང་དྲང་ནུས་ནི་དེ་ཀུན་ལས་ཆེས་མཛེས་སྡུག་ལྡན་པ་དེ་ཡིན། ཁྱེད་ཚོས་དྲང་ནུས་ལ་བརྟེན་ནས་ངོ་མཚར་ཆེ་བའི་མི་ཚེ་རྟོགས་པ་བརྗོད་ཡོད་པས། ཁྱེད་ཚོར་གུས་བཀུར་ཞུ།།
ངལ་རྩོལ་པ་དཔེ་ལེགས་ཅན་ནི་སྙིང་སྟོབས་ཀྱི་མཚོན་རྟགས་ཡིན་ལ། སྙིང་སྟོབས་ནི་འབད་འཐབ་ཀྱི་འདེགས་སྐྱོར་ཡིན། མི་ལ་སྙིང་སྟོབས་ཡོད་དགོས་ལ། ལས་སྒྲུབ་ལས་གཏོད་བྱེད་པར་ལྷག་ཏུ་སྙིང་སྟོབས་དགོས། ཁྱེད་ཚོ་ནི་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་བསྟར་བྱེད་མཁན་ཡིན་པས། ཁྱེད་ཚོར་གུས་འདུད་ཞུ།།
གཟེངས་བསྟོད་ནི་བསྔགས་སྐུལ་ཡིན། གཟེངས་བསྟོད་ཐོབ་པ་ནི་མཚན་སྙན་གྱི་མཇུག་སྒྲིལ་བ་མིན་པར། འབད་འཐབ་ལྷོད་མེད་ཀྱི་འགོ་ཚུགས་གཞི་གསར་པ་ཡིན། ནམ་ཡང་འབད་འཐབ་བྱེད་སྒང་དུ་གནས་དགོས། ཁྱེད་ཚོའི་ཁ་སང་གི་འབད་འཐབ་ལ་གྲུབ་འབྲས་ཐོབ་ཡོད། ད་ཆའི་འབད་འཐབ་ཀྱི་རྗེས་སུ་འབྲང་ཡོད། སང་ཉིན་གྱི་འབད་འཐབ་ལ་སྔར་བཞིན་ཁྱེད་ཚོ་མཁོ། ཁྱེད་ཚོར་བསྔགས་བརྗོད་ཞུ།
གཟེངས་བསྟོད་ཚོགས་འདུ་ནི་སློབ་སྦྱོང་ཚོགས་འདུ་དང་འབྲེལ་འདྲིས་ཚོགས་འདུ་ཞིག་ཡིན་པས། ཁྱེད་ཚོས་རྒྱལ་ཡོངས་ཀྱི་ངལ་རྩོལ་པ་དཔེ་ལེགས་ལ་སློབ་སྦྱོང་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་པ་དཔེ་ལེགས་ཅན་ལ་འབྲེལ་འདྲིས་བྱེད་དགོས་ལ། བྱེད་ཐབས་བཟང་པོར་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་རྒྱུན་ཆད་མེད་པར་འབུལ་དགོས།
ཞིང་ཆེན་མགོ་ཁྲིད་ཡིས་ཚུང་ལེ་དང་མཱ་ཅི་ཤའོ། ཀྲང་ལིས་བཅས་ལ་ཞུགས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་རྒྱལ་ཡོངས་ངལ་རྩོལ་པ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་དོན་པ་པེ་ཅིང་དུ་གཟེངས་རྟེན་ལེན་དུ་འགྲོ་བར་དགའ་བའི་སྐྱེལ་མ་བྱས།