ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ11པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར།མཚོ་ལྷོའི་དམིགས་བསལ་མཐོ་གནོན་གྱི་ལེ་ལག་ཚང་བའི་ནུས་ཁུངས་གསར་པའི་རྣམ་གྲངས་ཕྱོགས་ཡོངས་ནས་ཟླ་སྒྲིལ་བཏང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”གསོག་འཇོག་རླུང་གློག་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ཟླ་སྒྲིལ་བྱས་པ་དང་བསྟུན་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སླར་སྤྱོད་ནུས་ཁུངས་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སོ་སོར་ཆན་ཝ་ཁྲི1543.6དང་ཆན་ཝ་ཁྲི1012ཟིན་ལ། སླར་སྤྱོད་ཐུབ་པའི་ནུས་ཁུངས་ཀྱི་རྟེན་གཞི་གཉིས་ཀ་སྟོང་ཝ་བྱེ་བ་རིམ་པའི་སྐས་རིམ་དུ་སླེབས་ཏེ། རང་ཞིང་གི་“ལོ་ལྔ་ཚན་བཅུ་གསུམ་པའི་”ནུས་ཁུངས་གོང་སྤེལ་དམིགས་འབེན་སྔ་སྣུར་གྱིས་མངོན་འགྱུར་བྱུང་།
“ལོ་ལྔ་ཚན་བཅུ་གསུམ་པ་”ནས་བཟུང་། རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ལས་རྟེན་གཞི་གསར་པ་གལ་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་གཞིར་བཟུང་། ནན་ཏན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱས་ནས། “གཅིག་གྱུར་འཆར་འགོད་དང་རིགས་དབྱེ་ལག་བསྟར། གཅིག་གྱུར་སྐུལ་འདེད་”བཅས་ཀྱི་བསམ་ཕྱོགས་ལྟར། ནུས་ཁུངས་གསར་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱས་པས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྟོང་ཝ་བྱེ་བ་གཉིས་རིམ་པའི་སླར་སྐྱེ་ཐུབ་པའི་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་མཐར། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ཆེན་སྲིད་གཞུང་གི《<དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར>ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བྱེད་ཐབས་འགའི་>ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རང་རེའི་ཞིང་ཆེན་གྱིས་མཚོ་ལྷོ་དང་མཚོ་ནུབ་ཀྱི་ཆན་ཝ་བྱེ་བ་རིམ་པའི་སླར་སྤྱོད་ཐུབ་པའི་ནུས་ཁུངས་ཀྱི་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱས་པའི་རྨང་གཞིའི་ཐོག སླར་ཡང་སྟོང་ཝ་བྱེ་བ་རིམ་པའི་སླར་སྤྱོད་ཐུབ་པའི་ནུས་ཁུངས་རྟེན་གཞི་གཉིས་སྐྲུན་གང་ཐུབ་བྱས་ཏེ། ནུས་མང་གསབ་རེས་དང་གཅིག་བསྡུས་ལེགས་འགྱུར་གྱི་ནུས་ཁུངས་གཙང་མའི་མ་ལག་འཛུགས་པ་དང་། “ལྗང་མདོག་གློག་དམིགས་བསལ་ཁུལ་”འཛུགས་པ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་སྐྲུན་མགྱོགས་སུ་བཏང་ནས་ཀྲུང་གོའི་ནུས་ཁུངས་དྭངས་གཙང་དང་ལྗང་མདོག་ཕྱོགས་སྒྱུར་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ལོ་ལྔ་ཚན་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་སླར་སྤྱོད་ཐུབ་པའི་ནུས་ཁུངས་རྟེན་གཞི་གཉིས་འཆར་འགོད་དམིགས་ཚད་ཀྱི་སྔ་སྣུར་དུ་མངོན་འགྱུར་བྱུང་།