རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མིའི་ཐབས་ཀྱིས་ཆར་འབབ་པའི་ཕན་ནུས་མངོན་གསལ་ཐོན་ཏེ་མཚེའུ་དང་རྩྭའི་རྒྱ་ཁྱོན་ཇེ་རུ་ཕྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མི་ཐབས་ལ་བརྟེན་ནས་ཆར་པ་འབབ་པའི་ལས་གྲྭ་ལག་བསྟར་བྱས་ཚུན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭའི་ཁྱབ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ཆུ་བོ་རྒྱུག་ཚད་དང་མཚེའུ་ཡི་རྒྱ་ཁྱོན་ཡང་ཆེ་རུ་ཕྱིན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་འཛམ་གླིང་ཡང་རྩེ་སྟེ་མཚོ་བོད་མཐོ་སྒང་གི་ལྟེ་བར་ཆགས་ཤིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་བོ་ཆེན་པོ་གསུམ་གྱི་འབྱུང་ཡུལ་ཡིན་ལ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཚྭ་མེད་ཆུ་མཁོ་སྤྲོད་ཁུལ་གལ་ཆེན་དང་། ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྣང་སྐྱེན་པའི་ཁུལ་དང་སྐྱེ་ཁམས་ཁོར་ཡུག་གི་ཉམས་ཞན་ཁུལ་ཞིག་ཀྱང་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། 2006ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མི་ཐབས་ལ་བརྟེན་ནས་ཆར་པ་མང་དུ་གཏོང་བའི་ལས་དོན་དངོས་སུ་སྤེལ་མགོ་ཚུགས་ཤིང་། ད་བར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཆར་པ་མང་དུ་གཏོང་བའི་ལས་དོན་ཐེངས202སྤེལ་བ་དང་། དུས་མཚུངས་སུ་མཁའ་དབྱིངས་ཀྱི་སྤྲིན་ཆུའི་ཐོན་ཁུངས་ལ་ཞིབ་ཅིང་ཕྲ་བའི་ཚོད་སྐོར་བྱས་པ་བརྒྱུད་ཚན་རིག་དང་མཐུན་པའི་ངང་རིགས་ཆེ་གྲས6གི་གཙོ་གནད་ལས་སྒྲུབ་ཁུལ17བཙུགས་ནས་ས་སྟོང་ལས་སྒྲུབ་རྣམ་པ་ཞིག་ཆགས་པ་བྱས་པས་ཆར་པ་མང་དུ་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 

མཚོ་སྔོན་ཞིང་ཆེན་སྲུང་སྐར་རྒྱང་ཚོར་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། 2004ལོ་ནས་བཟུང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྨ་ཆུའི་འབྱུང་ཡུལ་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་སྔོན་ལ་ཆེ་རུ་ཕྱིན་ཞིང་རྗེས་སུ་ཆུང་དུ་སོང་བ། སླར་ཡང་ཆེ་རུ་ཕྱིན་པ་བཅས་ཀྱི་འཕར་ཆག་གི་རྣམ་པ་མངོན་ཡོད། 2020ལོར་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་དེ་ལོ་སྔོན་མ་དག་ལས(2004ལོ་ནས་2019ལོ་བར)སོ་སོར་ཆ་སྙོམས་ཀྱིས2.6%དང1.2%འཕར་ཡོད་ལ། མཚོ་མཚེའུ་ཡི་རྒྱ་ཁྱོན་སྤྱིའི་ཆ་ནས་འཕར་ཆག་དང་ཆེ་རུ་འགྲོ་བའི་རྣམ་པ་མངོན་ཡོད།

གཞན་ཡང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། རང་བྱུང་གི་ཆར་བབས་ཚད་དང་མི་ཐབས་ལ་བརྟེན་ནས་ཆར་འབབ་པ་གཉིས་ཀྱི་ཤུགས་རྐྱེན་འོག 2020ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྩྭ་ཐང་ཁྱབ་ཚད2019ལོ་ལས4%མང་དུ་ཕྱིན་ནས་རྩྭ་ཐང་ཐོན་སྐྱེད་ནུས་པར་དགེ་མཚན་ལྡན་པའི་སྐུལ་འདེད་ཐེབས་ཡོད། 

བསྡོམས་རྩིས་ལས་མངོན་པ་ལྟར་ན། མི་ཐབས་ལ་བརྟེན་ནས་ཆར་མང་དུ་གཏོང་བའི་ལས་དོན་སྤེལ་ནས་ལོ15སོང་རིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ཁོངས་སུ་ཆར་ཆུ་འབབ་ཚད་མང་དུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་། མཚེའུ་དང་འདམ་རའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ། འབབ་རྒྱུད་དུ་ཆར་ཆུ་འབབ་ཚད་མང་དུ་ཕྱིན་པ། གཟན་རྩྭའི་ཐོན་ཚད་མང་དུ་ཕྱིན་པ། ཆུའི་ཐོན་ཁུངས་དཀོན་པ་ཞི་ལྷོད་དུ་ཕྱིན་པ་སོགས་ཀྱི་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་ཇེ་དོད་དུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་སྐུལ་མ་བཏང་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།