ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ཙོང་རྒྱུད་ཀྱི་མཚོ་སྔོན་འཚེམ་དྲུབ་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྔོན་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིག་གནས་ཡུལ་སྐོར་གྱི་སྣང་བརྙན་ཇེ་ལེགས་སུ་གཏོང་ཆེད། ཉེ་ཆར། མཚོ་ཤར་གྲོང་ཁྱེར་གྱིས《མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་འཚེམ་དྲུབ་དཔལ་འབྱོར་སྤྱི་ཁྱབ་པུའུ་འཛུགས་པའི་ལས་ཀའི་ཇུས་གཞི》བཏོན་ཏེ། ཉིན་དེ་ནས2021ལོའི་ཟླ1པོའི་ཚེས20ཉིན་བར་མཚོ་སྔོན་འཚེམ་དྲུབ་དཔལ་འབྱོར་སྤྱི་ཁྱབ་པུའུ་བཙུགས་ཤིང་གཉེར་སྐྱོང་དང་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱ་རྒྱུའི་གཏན་ཁེལ་བྱོས།
མཚོ་སྔོན་གྱི་འཚེམ་དྲུབ་ལ་ལོ་རྒྱུས་ཡུན་རིང་བ་དང་རིགས་སྣ་ཕུན་སུམ་ཚོགས་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པ། བཟོ་རྩལ་བྱང་ཆུབ་པ་བཅས་ཀྱི་ཁྱད་ཆོས་ལྡན། མཚོ་སྔོན་གྱི་འཚེམ་དྲུབ་ནི་ཧོར་རིགས་འཚེམ་དྲུབ་དང་། བོད་ཀྱི་འཚེམ་དྲུབ། ཀོ་བའི་འཚེམ་དྲུབ། ཟ་ལར་རིགས་ཀྱི་འཚེམ་དྲུབ། ཧུའེ་རིགས་ཀྱི་འཚེམ་དྲུབ། རྨ་ཙོང་འཚེམ་དྲུབ་སོགས་ཀྱི་སྤྱི་མིང་ཡིན་པ་དང་། མཚོ་སྔོན་མི་རིགས་ཁག་གི་འཚེམ་དྲུབ་སྒྱུ་རྩལ་པའི་ལག་བཟོ་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་པས“སོར་རྩེ་གཟུགས་འདུས་རིག་གནས”ཀྱི་མཚན་སྙན་ལྡན། མཚོ་ཤར་ནི“ཐོན་ཁུལ་གཙོ་བོ”དང“འདུས་ཁུལ་གཙོ་བོ”ཡིན།
མཚོ་སྔོན་གྱི་འཚེམ་དྲུབ་དཔལ་འབྱོར་སྤྱི་ཁྱབ་པུའུ་ཡི་འགན་ནུས་ནི་མཚོ་སྔོན་གྱི་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་རབ་དང་རིམ་པ་དང་འབྲེལ་ཡོད་ལས་རིགས་ཀྱི་ཚད་ལྡན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིག་གནས་ཡུལ་སྐོར་གཙོ་གཉེར་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཞིང་ཆེན་ཡོངས་དང་མཚོ་ཤར་གྲོང་ཁྱེར་གྱི་མཚོ་སྔོན་འཚེམ་དྲུབ་ལས་རིགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བསམ་གཞི་འདོན་པ། མཚོ་སྔོན་འཚེམ་དྲུབ་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་བཟོ་པ། འབྲེལ་ཡོད་ལས་རིགས་ཀྱི་ཚད་གཞི་བཟོ་པ་དང་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་ཀྱི་མཚོ་སྔོན་འཚེམ་དྲུབ་ཁྲོམ་རའི་ཐོན་ཁུངས་རིམ་བཞིན་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་སྤུས་རྟགས་གཅིག་གྱུར་དང་ཚོང་ཁང་གཅིག་གྱུར། མཚོན་རྟགས་གཅིག་གྱུར། ཚད་གཞི་གཅིག་གྱུར། དོ་དམ་གཉེར་སྐྱོང་གཅིག་གྱུར། དྲིལ་བསྒྲགས་གཅིག་གྱུར། གསོ་སྦྱོང་གཅིག་གྱུར་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མཚོ་སྔོན་འཚེམ་དྲུབ་ཐོན་ལས་ལ་སྤྱི་འདོམས་བྱ་རྒྱུ། སྤྱི་ཁྱབ་པུའུ་དང་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལེ་ལག་ཚང་བའི་སྒྲིག་ཆས་བཀོད་སྒྲིག མི་སྣ་གསོ་སྦྱོང་བཅས་རྩ་འཛུགས་བྱེད་པ། མཚོ་སྔོན་གྱི་འཚེམ་དྲུབ་ཐོན་ལས་ཀྱི་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་ལས་འགན་ལ་མཛུབ་ཁྲིད་བྱས་ཏེ་འབྲེལ་ཡོད་ཐོན་ལས་ཀྱི་རོགས་སྐྱོར་ཁྲིད་སྟོན་མ་དངུལ་སྤྱི་འདོམས་བེད་སྤྱོད་བྱས་ནས་ཐོན་ལས་ཀྱི་བར་མཐོངས་གཅིག་སྡུད་ཐོག་རྒྱ་ཆེར་གཏོང་བ། ཐབས་ལམ་མང་པོ་དང་བྱེད་ཐབས་མང་པོ་སྤྱད་ནས་མཚོ་སྔོན་འཚེམ་དྲུབ་ཐོན་ལས་དང་མཚོ་སྔོན་འཚེམ་དྲུབ་ལས་གཉེར་མི་སྣ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ནས་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུར་རམ་འདེགས་བྱེད་པ། རྨ་ཙོང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ་བཏང་སྟེ་མཚོ་སྔོན་འཚེམ་དྲུབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་འདུན་ཞུ་བྱས་ནས་མཚོ་སྔོན་འཚེམ་དྲུབ་ཀྱི་སྤུས་རྟགས་འཕེལ་རྒྱས་བཏང་བ་དང་། མཚོ་ཤར་གྱི་ཤུགས་རྐྱེན་དང་མཚན་སྙན་ཆེ་རུ་གཏོང་བ་བཅས་ཡིན། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་ཤར་གྱིས་མཚོ་སྔོན་འཚེམ་དྲུབ་དཔལ་འབྱོར་སྤྱི་ཁྱབ་པུའུ་འཛུགས་ཀྱིན་པ།