ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་སྒྲུབ་འགན་འཁུར་བའི་གཞུང་ཞབས་པའི་ལས་འཁུར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་པས་ཡུལ་དངོས་སློབ་ཁྲིད་སྤེལ་ཞིང་། སློབ་མ39མཚོ་ཤར་གྲོང་ཁྱེར་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་སྟེ། ཡུལ་དངོས་སློབ་ཁྲིད་བྱས་པ་བརྒྱུད་གསར་བརྗེའི་ཤུལ་བཞག་ཁྲོད་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཛད་རྗེས་ཀྱིས་སེམས་རྒྱུད་བརླན་པར་བྱས་ནས། ཏང་གཤིས་སློབ་གསོ་མྱངས་པ་རེད།
ཡུལ་དངོས་སློབ་ཁྲིད་བྱེད་སྐབས། སློབ་མ་ཡོངས་ཀྱིས་ཧུང་ཀོང་གྲོང་ཚོའི་ལོ་རྒྱུས་དང་ནུབ་ལམ་དམག་དཔུང་གི་བཀོད་འཐབ་པ་ཚོས་འཚོ་གནས་ཁོར་ཡུག་ཧ་ཅང་སྡུག་པའི་སྐབས་སུ་ཡང་ཐོག་མའི་བསམ་འདུན་མ་བརྗེད་པར་སྙིང་རུས་ཆེན་པོས་འབད་འཐབ་བྱས་པའི་དཔའ་བོའི་བྱས་རྗེས་ནན་ཏན་གྱིས་མཉན་པ་དང་། ཡ་རྫི་རྫོང་ནུབ་ལམ་དམག་དཔུང་དྲན་གསོ་ཁང་དང་། གསར་བརྗེའི་རིག་གནས་ཁྱམས་རིང་། དམར་དམག་སློབ་ཆུང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་བཞུགས་གནས་བཅས་ལ་ལྟ་སྐོར་བྱས། འདི་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱེད་ས་ཡིན་པ་དང་། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མྱོང་རྟོགས་གཏིང་ཟབ་བྱེད་སའང་རེད། ཡུལ་དངོས་སློབ་ཁྲིད་བྱས་པ་དེས་སློབ་མའི་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པར་བཏང་བར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་གསར་བརྗེའི་ལོ་རྒྱུས་ཤུལ་བཞག་དེ་ཏང་གཤིས་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་བཅས་ཀྱི་སློབ་ཁྲིད་ཐོན་ཁུངས་སྤུས་ལེགས་སུ་བསྒྱུར་ཏེ། ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་དེ་སློབ་མའི་སློབ་སྦྱོང་དང་ལས་ཀའི་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཤིང་། ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
ཁྲུའུ་རིམ་པའི་གཞུང་ཞབས་པའི་ལས་འཁུར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་པ་ཡ་རྫི་རུ་བསྐྱོད་དེ་གསར་བརྗེའི་སློབ་གསོ་མྱངས་པ།