མཚོ་སྔོན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ས་ཁུལ་ཁག་གཅིག་ལ་ཤེས་ལྡན་མི་སྣ་དཀོན་པའི་གནས་ཚུལ་ལ་གཞིགས་པ་དང་། ཤེས་ལྡན་མི་སྣའི་མི་དོན་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་པའི་འགག་རྩའི་གནད་དམ་འཛིན་བྱེད་པ། སྲིད་ཇུས་མཁོ་འདོན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་དུ་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བཅས་བྱས་ནས་ཤེས་ལྡན་མི་སྣ་བསྡུ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཡག་པོ་སྤྱོད་ཐུབ་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

2019ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་དུ་ཤེས་ལྡན་མི་སྣ་བསྡུ་བའི“མགྱོགས་ལམ”བཏོད་ནས་བྱ་གཞག་ཚན་པས་མི་སྣ་བསྡུ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། རྒྱུགས་སྤྲོད་པའི་བསྡུར་ཚད་དང་ཐེམ་ཐོ་སོགས་གཟིགས་སྐྱོང་སྲིད་ཇུས་ལྷུག་ཏུ་བཏང་ནས་གཞི་རིམ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་འཕྲོད་བསྟེན་ཆེད་ལས་ཀྱི་ལག་རྩལ་མི་སྣའི་ལས་གནས་དོ་དམ་ལམ་ལུགས་དང་གྲུབ་ཆའི་བསྡུར་ཚད་ལེགས་སྒྲིག་བྱས་པ་དང་ཆབས་ཅིག ཞིང་ཆེན་ནང་ཁུལ་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་གི་རོང་འབྲོག་དང་། ཆུ་བེད། ནགས་ཚལ་དང་རྩྭ་ཐང་བཅས་ལས་རིགས་སུ་གཞི་རིམ་གྱི་གོ་མིང་ལ“ཆེད་དམིགས་གདེང་འཇོག་དང་ཆེད་དམིགས་བེད་སྤྱོད”ཀྱི་ལས་དོན་སྤེལ་བ་དང་། དཔྱད་ཞིབ་དབང་ཆ་གཤམ་སྤྲོད། ཆེད་ལས་དང་། དཔྱད་ཞིབ་གྲུབ་འབྲས། དཔྱད་རྩོམ་གྱི་ཚད་བཀག་སོགས་ལྷུག་ཏུ་གཏོང་བའི་བྱ་ཐབས་སྤྱད་ནས་གཞི་རིམ་གྱི་ཆེད་ལས་ལག་རྩལ་མི་སྣར་གོ་མིང་སྤར་བའི་ལམ་བུ་གཉིས་པ་བཏོད་ཡོད།

གཞན་ཡང་། མཚོ་སྔོན་གྱིས་ད་དུང་ས་ཁུལ་དབུལ་པོ་དང་གཞི་རིམ་གྱི་གླ་ཕོགས་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་གྱི་ཕོགས་སྣོན་ཚད་གཞི་མཐོ་རུ་བཏང་བ་བརྒྱུད། ས་བབ་མཐོ་ཚད་ལ་གཞིགས་ནས་ལས་ཞུགས་ལོ་ཚད་ཀྱི་ཁ་གསབ་ཕབ་རྩིས་རྒྱག་པའི་ལས་རྣམ་འཕར་སྣོན་ལམ་སྲོལ་འཛུགས་པ་དང་། ཤང་དང་གྲོང་རྡལ་གྱི་ལས་ཀའི་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་བཞི་དང་དེ་ཡན་གྱི་ས་ཁུལ་དུ་གླ་ཕོགས་མཐོར་གཏོང་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ། མཚོ་སྔོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ལས་བྱེད་ལས་བཟོའི་གླ་ཕོགས་འགན་ལེན་གྱི་ཐོབ་ཐང་ཧུར་ཐག་གིས་མཐོ་རུ་གཏོང་བ་བཅས་བྱས་ནས་ཤེས་ལྡན་མི་སྣ་གཞི་རིམ་དུ་སྐྱོད་ཐུབ་པ་དང་གཞིས་ཆགས་ཐུབ་པ་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།