ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་མགོ་འཛིན་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུ་སྐབས་ནན་གྱིས་བསྟན་དོན། སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་ལས་དོན་དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པར་འབྲེལ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁེ་ཕན་ལའང་ཐད་ཀར་དུ་འབྲེལ་ཡོད། མང་ཚོགས་ཀྱི་སེམས་ཁུར་ལ་དོ་སྣང་བྱེད་པ་དང་དམངས་འཚོའི་མི་འདང་ས་ཁ་གསབ་བྱེད་པ། ཧུར་ཐག་སྒོས་སྔོན་ཐོན་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ཁྲོད་ནས་མི་དམངས་མང་ཚོགས་ཀྱི་ཆེད་དུ་རྒྱུ་སྤུས་སྔར་ལས་མཐོ་བའི་འཚོ་བ་གསར་བསྐྲུན་བྱེད་དགོས་ཟེར། 

བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཚའོ་ཀོང་ཁྲའོ་དང་མཚོ་སྔོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གི་མགོ་བ་ལིག་ཧེ་ཧྥུན། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཝང་ཀང་། ཞིང་ཆེན་རྟེན་མཛོད་ཁང་གི་མགོ་བ་ཝང་ཅིན་ཞིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་བྱང་ཆུབ་ཁ་གཡང་ཕྱི་རོལ་གནས་སྐོར་སྤྲོ་གསེང་མཛེས་ལྗོངས་དོ་དམ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་པའོ་ཝུའུ་ཀྲང་། ཞིང་ཆེན་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀྲང་ཆང་། ཞིང་ཆེན་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་གི་མགོ་བ་མཱ་ཧྥུའུ་ཧེ། ཞིང་ཆེན་རིག་གནས་སྒྱུ་རྩལ་ལས་རིགས་སློབ་གྲྭའི་སློབ་གཙོ་གཞོན་པ་ལིས་ཡུ་ཧྥང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དལ་གཤིས་ནད་ཀྱི་སྔོན་འགོག་ཚོད་འཛིན་ཁང་གི་མགོ་བ་ཀྲོའུ་མེན་རོའུ། ཞིང་ཆེན་ལུས་རྩལ་ཅུའུ་མང་ཚོགས་ལས་དོན་ཁང་གི་མགོ་བ་ཀོ་ཆོན་ཚེ་བཅས་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་བཅུ་ཡིས་སྔ་གཞུག་ཏུ་གཏམ་བཤད་སྤེལ། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་དང་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པ། ལུས་རྩལ་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བ་སོགས་ལ་དམིགས་ཏེ་བསམ་འཆར་དང་གྲོས་གཞི་བཏོན། 

ཞིན་ཁྲང་ཞིང་གིས་ནན་ཏན་གྱིས་གཏམ་བཤད་ལ་ཉན་པ་དང་། དུས་ངེས་མེད་དུ་གནད་དོན་དང་བྱ་བ་རེ་འགའི་ཐད་ནས་ཞིབ་ཏུ་བརྗེ་རེས་བྱས། ཁོས་བཤད་རྒྱུར། ཆེད་མཁས་པ་དག་གི་གཏམ་བཤད་དེ་བརྗོད་སྙིང་འབུར་དུ་ཐོན་པ་དང་། གནད་འཁེལ་གདེང་འཇོག་བྱེད་པ། ལྟ་ཚུལ་མངོན་གསལ་ལྡན་པ། བསམ་འཆར་གསལ་བོ་ཡིན་པས། རྩོམ་འབྲི་ཚན་ཆུང་གིས་ནན་ཏན་གྱིས་ཞིབ་འཇུག་དང་བསྡུ་ལེན་གང་ལེགས་བྱེད་དགོས་ཟེར། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཀྲུང་དབྱང་གི་རེ་བ་དང་མི་དམངས་ཀྱི་རེ་སྒུག ཆེད་མཁས་པའི་བློ་གྲོས་བཅས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོའི་ཁྲོད་འདྲེས་པར་བྱས་ནས། མ་ལག་ལྡན་པའི་སྒོ་ནས་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་ལས་དོན་ལ་ཡར་སྐུལ་གཏོང་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་རྩ་བར་འཛིན་པའི་ལས་འགན་དངོས་འབེབ་བྱེད་པ། སློབ་གསོའི་ལས་དོན་ཐོག་མར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་ཐོན་ཁུངས་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཆེད་ལས་གྲུབ་ཚུལ་ལེགས་བསྒྱུར་བྱས་ཏེ། ལས་རིགས་སློབ་གསོ་དང་སློབ་སྔོན་སློབ་གསོར་སྔར་ལས་མཐོང་ཆེན་བྱེད་པ་དང་། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། ཧུར་ཐག་སྒོས་མི་རིགས་ཀྱི་བསྐྱར་དར་ལས་འགན་ཁུར་དུ་ལེན་ཐུབ་པའི་དུས་རབས་གསར་བའི་མི་གསར་བ་གསོ་སྐྱོང་བྱེད་དགོས། མཐོང་ཆེན་གྱི་ཚད་ཇེ་མཐོར་གཏོང་བ་དང་། ལག་ལེན་གྱི་ཟབ་ཚད་རྒྱ་བསྐྱེད་པ། སྤུས་ལེགས་རིག་གནས་ཐོན་རྫས་ཀྱི་མཁོ་འདོན་རྒྱ་བསྐྱེད་ནས། རིག་གནས་ཀྱིས་དར་སྲོལ་ལ་སྣེ་ཁྲིད་བྱེད་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིམས་ནད་ཚབས་ཆེན་འགོག་བཅོས་ཀྱི་མ་ལག་འཛུགས་སྐྲུན་བྱས་ཤིང་། འཕྲོད་བསྟེན་ཐོན་ཁུངས་ཀྱི་ལེགས་སྒྲིག་དང་བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་མྱུར་དུ་ལག་བསྟར་བྱེད་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད་ལ་ཡར་སྐུལ་བྱས་ཏེ། མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་སྨན་ཡོན་མཐོ་བ། ལམ་ཐག་རིང་བ་བཅས་ཀྱི་གནད་དོན་དམིགས་སུ་བཟུང་ནས་ཐག་གཅོད་བྱས་ནས། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས། སྤྱི་པའི་ལུས་རྩལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྩལ་འགྲན་ལུས་རྩལ་གྱི་སྟོབས་ཤུགས་མཐོར་འདེགས་བྱེད་པ་དང་། དམངས་ཡོངས་ཀྱིས་ལུས་ཕུང་སྦྱོང་བརྡར་བྱེད་པའི་སྣང་ཚུལ་ཆགས་པར་བྱེད་དགོས་ལ། ལུས་རྩལ་ཐོན་ལས་ཀྱི་གཞི་རྒྱ་ཇེ་ཆེར་བཏང་སྟེ། རིག་གནས་དང་གནས་སྐོར། ལུས་རྩལ་བཅས་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 

ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་དབྱང་ཀྲི་ཝུན་བཞུགས་མོལ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།