ཡུལ་ཤུལ་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པས་ཀྲུང་དབྱང་བརྙན་འཕྲིན་འཕྲིན་ལམ་སྟེང་གླུ་གཞས་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུས་ལ་དུས་ཆེན་གྱི་ལྭ་བ་གྱོན་པའི་བྱིས་པ་ཚོ་ལུས་རྩལ་ཐང་ཆེན་དུ་འཛོམས་ནས། སྙན་འཇེབས་ལྡན་པའི་གླུ་སྐད་སློབ་ར་ཡོངས་སུ་ཁྱབ་ཡོད་པ་དང་། ཟླ11པའི་ཚེས16ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལོ་ཆུང་བྱིས་པའི་འཕྲིན་ལམ་ལེ་ཚན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་དང་པོར་འབྱོར་ནས། 《དགུ་ཚིགས་ཀྱི་སྒྲ—2021ལོའི་བྱིས་པའི་མཉམ་གཞས》ཞེས་པའི་དམིགས་བསལ་ལེ་ཚན་ཞིག་ཕབ་སྐྲུན་བྱས་པ་དང་། ཟླ12ཚེས31ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་ཆུང་བྱིས་པའི་འཕྲིན་ལམ་གྱི་རྫོགས་ལྡན་དུས་ཚོད་སྐབས་སུ་བཀོད་སྒྲིག་བྱས་ནས་གཏོང་རྒྱུ་ཡིན་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་བོད་རིགས་བྱིས་པའི་མཉམ་ལེན་ཚོགས་པ་ནི2016ལོར་བཙུགས་པ་དང་། ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་དང་པོའི་སློབ་མ29ལས་གྲུབ་པ་དང་མཉམ་ལེན་ཚོགས་པའི་ནང་ལོ་ན་མཐོ་ཤོས་ནི་ལོ14ཡིན་ལ། ཆུང་ཤོས་ལོ7རེད། ཉེ་བའི་ལོ་འགའི་རིང་བྱིས་པ་ཚོའི་ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ཀྱི་སྐད་ངག་དང་འབད་བརྩོན་ལྷོད་མེད་ལ་བརྟེན་ནས། མཉམ་ལེན་ཚོགས་པ་ཡུལ་ཤུལ་དུ་སྐད་གྲགས་ཇེ་ཆེ་ནས་ཇེ་ཆེ་རུ་སོང་བ་དང་། མི་རིགས་རོལ་དབྱངས་རྒྱུན་འཛིན་བྱེད་མཁན་གྱི་ཕུལ་དུ་བྱུང་བའི་མཉམ་ལེན་ཚོགས་པ་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་བྱིས་པའི་གླུ་གཞས་མཉམ་ལེན་གྱི་དམིགས་བསལ་ལེ་ཚན་ཡང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ལོ་ཆུང་བྱིས་པའི་འཕྲིན་ལམ་བརྒྱུད་དེ་རྒྱལ་ཡོངས་ཀྱི་བྱིས་པ་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ་བདེ་སྐྱིད་ལྡན་པའི་ལོ་གསར་གྱི་ལེགས་སྐྱེས་ཤིག་ཀྱང་ཡིན། 

 “ཡུལ་ཤུལ་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་རྒྱལ་ཡོངས་སུ་སྐད་གྲགས་ཆེན་པོ་ཡོད་པ་དང་། ང་ཚོས་བལྟས་ན་བྱིས་པ་འདི་དག་གླུ་སྐད་དང་བསམ་པའི་འཁྱེར་ཕྱོགས། རྣམ་པ་གང་ཡིན་རུང་ཧ་ཅང་ལེགས་པས་ལེ་ཚན་གྱི་བླང་བྱ་དང་ཧ་ཅང་མཐུན”ཞེས་དམིགས་བསལ་ལེ་ཚན་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་མའོ་ཝུའེ་ཡིས་དེ་ལྟར་བརྗོད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།