ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཁེ་ལས་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཞིབ་བཤེར་ཚན་ཆུང་ཐེངས་དྲུག་པ་མཚོ་སྔོན་དུ་ཡོང་ནས་ཡུལ་དངོས་ནས་ལྟ་སྐུལ་ཞིབ་བཤེར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།ཧྲིན་ཀྲང་ཞིན་ཁྲང་ཞང་གིས་ཟི་ལིང་ནས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཚན་གཙོའམ་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཟས་རིགས་བདེ་འཇགས་ཀྱི་སྤྱིའི་ལྟ་སྐུལ་བ་བང་ཐའེ་ཧན་འཁོར་དང་བཅས་པར་ཐུགས་འཕྲད་བྱས་ཤིང་།ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་ཐུགས་འཕྲད་ཁྲོད་ཞུགས།
ཞིན་ཁྲང་ཞང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་འཁོར་དང་བཅས་པར་དགའ་བསུ་ཞུས།ཁོས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ནས། སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱས་ཤིང་།ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་པ་ནི། རང་ཞིང་གི་བྱ་བར་ཞིབ་བཤེར་དང་སྐུལ་འདེད་བྱེད་པ་ཡིན་པས།ང་ཚོས་སྟོབས་ཤུགས་ཡོད་རྒུས་ལྟ་སྐུལ་ཞིབ་བཤེར་ལ་རྒྱབ་སྐྱོར་དང་། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་རྙེད་པའི་གནད་དོན་དང་བཏོན་པའི་བསམ་འཆར་ནན་ཏན་གྱིས་གསེད་གྲོལ་དང་དུས་བཅད་ནང་ལེགས་བཅོས་བྱས་ཏེ། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གོ་སྐབས་སུ་བཟུང་ནས། བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ཡིན།
ཝང་ཐའེ་ཧན་གྱིས་བསྟན་དོན།ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལྟར།འགན་ནུས་ནན་ཏན་གྱིས་ལག་བསྟར་དང་།ཡུལ་དངོས་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་།བསམ་འཆར་དང་གྲོས་གཞི་བཏོན་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་ཐེངས་དྲུག་པ་མཚོ་སྔོན་དུ་ཡོང་ནས་ལྟ་སྐུལ་ཞིབ་བཤེར་བྱས།