ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་བསམ་བློ་བརྗེ་རེས་ཀྱི་སློབ་སྦྱོང་ཚོགས་འདུ་བསྡུས།

    ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་སོགས་ཀྱིས་གཏམ་བཤད་གནང་།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་བསམ་བློ་བརྗེ་རེས་ཀྱི་སློབ་སྦྱོང་ཚོགས་འདུ་བསྡུས་ནས།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པར་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་ངོས་འཛིན་གནང་བའི་ཕན་འབྲས་གཅིག་གྱུར་སྒོས་བསམ་བློ་བརྗེ་རེས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

ཚོགས་འདུའི་སྟེང་ཞིན་ཁྲང་ཞིང་དང་ཝང་ཞའོ། ཐེང་ཅ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། མ་ཅིས་ཞའོ། ཡུན་པའོ། ཀྲང་ཀོང་རུང་། མ་ཝེ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡོན། ཝང་ལིས་མིང་། ཀྲང་ལིས། ལིག་ཐའོ། དབྱང་ཀྲི་ཝུན། ཏུའུ་ཅེ། ཀྲང་ཝུན་ཁུའེ། མོང་ཡུང་ཧྲན་སོགས་ལྟེ་གནས་ཚན་ཆུང་གི་ཁོངས་མིས་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ལས་བགོས་འགན་གཉེར་ལས་དོན་དང་ཟུང་འབྲེལ་གྱིས་ཚོགས་འདུའི་དགོངས་དོན་གྱི་བསམ་བློ་བརྗེ་རེས་གནང་བ་དང་། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་བསམ་བློ་བརྗེ་རེས་བྱས།

ཚང་མས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་པའི་ཚན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྤྱི་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་དམིགས་པ་ཞིག་དང་། དུས་རབས་གསར་པའི་རྒྱལ་སྐྱོང་སྲིད་གཉེར་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་མགོ་ཁྲིད་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན། བསམ་བློའི་ཁྲིད་སྟོན་གལ་ཆེན། འཐབ་ཇུས་བཀོད་སྒྲིག་གལ་ཆེན། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་ཡིན་པར་ངོས་འཛིན་གནང་།

ཚང་མས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པའི་ནང་དོན་ཕུན་སུམ་ཚོགས་པ་དང་དགོངས་དོན་གཏིང་ཟབ་པ། སྙིང་སྟོབས་ཀྱི་ཤུགས་ཆེ་བ་ཞིག་ཡིན་པར་མ་ཟད། དེབ་དང་པོ་དང་གཉིས་པ་གཅིག་ལ་གཅིག་བརྟེན་དང་ཚགས་དམ་ལ། སྙིང་བཅུད་གཅིག་ཏུ་བསྡུས་བའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་ལྡན་ཡོད་པར་གཅིག་གྱུར་གྱི་ངོས་འཛིན་གནང་། རང་སྦྱོང་དང་གཅིག་གྱུར་གྱི་སློབ་སྦྱོང་བྱས་པ་བརྒྱུད། དེའི་ནང་དུ་འདུས་པའི་བདེན་དོན་གྱི་སྟོབས་ཤུགས་དང་བསམ་བློའི་སྟོབས་ཤུགས། ལག་ལེན་གྱི་སྟོབས་ཤུགས་བཅས་ལ་གོ་རྟོགས་གསར་པ་ཐོབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་དོན་སྙིང་དང་ཚན་རིག་གི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་སྔར་ལས་གཏིང་ཟབ་པའི་ངོས་འཛིན་བྱུང་བ། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་མར་ཁེ་སིའི་རིང་ལུགས་“ལག་ལེན་དུ་བསྟར་ཐུབ་པ་དང་། ཅིའི་ཕྱིར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་“བཟང་པ་”ཞེས་པ་བཅས་ལ་གོ་བ་སྔར་ལས་ཆ་ཚང་བ་ལོན།

ཚང་མས་ནན་གྱིས་ཚད་བསྡུར་དང་རེའུ་མིག་ཞིབ་བསྡུར་བྱས་ནས་“འདུ་ཤེས་བཞི་”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཞིང་ཆེན་གྱི་གནས་ཚུལ། བསམ་བློ་དང་བྱ་སྤྱོད་དག་གྲོལ་མ་ཐག་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་གཅིག་གྱུར་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དང་འཚམ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་ཐབས་བཀོད་གསར་པ་འཛུགས་པ་བཅས་ཀྱི་སྒོ་ནས། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ལེན་དགོས་པར་བསྟན།

ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།