མཚོ་སྔོན་ཞིང་ཆེན་གྱི་“མཚོ་སྔོན་སྲིད་ཁྲིམས་བྱ་བའི་འཆད་ཁྲིད་ཆེན་མོ”སྐབས་དང་པོ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་མཉམ་འབྲེལ་གྱིས་གཉེར་བའི“མཚོ་སྔོན་གྱི་སྲིད་ཁྲིམས་བྱ་བའི་འཆད་ཁྲིད་ཆེན་མོ་སྐབས་དང་པོ་”མཚོ་སྔོན་མི་རིགས་སློབ་ཆེན་དུ་འགོ་བརྩམས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྲིད་འཛིན་འདྲི་གཅོད་ཁྲིམས་རའི་ཁྲིམས་དཔོན་ལིག་ཧྥུའུ་མའེ་ཡིས《སྲིད་འཛིན་ཁྲིམས་སྐྱོང་དང་སྲིད་འཛིན་འདྲི་གཅོད》ཅེས་པ་ཁ་བྱང་དུ་བྱས་ནས་མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་དགེ་སློབ་500ལྷག་ཙམ་ལ་འཆད་ཁྲིད་བྱས།

འཆད་ཁྲིད་ཀྱི་ནང་“ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་གཏུག་བཤེར་གྱོད་གཞི་ཞིབ་གཅོད་དང་སྲིད་འཛིན་ལས་ཁུངས་གྱོད་ཕམ་བྱུང་བའི་གནས་ཚུལ་ལ་དམིགས་ནས། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཁྲོད་གནས་པའི་གནད་དོན་དང་། སྲིད་འཛིན་འདྲི་གཅོད་ཀྱི་ཕྱོགས་ནས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པར་ཇི་ལྟར་སྐུལ་འདེད་གཏོང་བ། སྲིད་འཛིན་འདྲི་གཅོད་ཀྱི་འདུ་ཤེས་དང་སྲིད་འཛིན་གྱོད་དོན་ཞིབ་གཅོད་ཀྱི་བསམ་ཕྱོགས་བཅས་ཕྱོགས་བཞིའི་ཐད་ཀྱི་ནང་དོན་ཚུད་ཡོད། ཞིབ་ཕྲའི་གྱོད་དཔེ་དང་གཞི་གྲངས་འབོར་ཆེན། ནང་དོན་ལ་གོ་བདེ་བའི་ཁྲིམས་གཞུང་གི་འགྲེལ་བཤད་དང་དོན་དངོས་དང་མཐུན་པའི་དབྱེ་ཞིབ་ཐོག་ནས་སྲིད་འཛིན་ཁྲིམས་སྐྱོང་དང་སྲིད་འཛིན་འདྲི་གཅོད་དབར་གྱི་རྩོད་སྒྲུབ་འབྲེལ་བ་དང་ཁྲིམས་གཞུང་གི་གཞི་འཛིན་གནས་རྒྱས་བཤད་བྱས། འཆད་ཁྲིད་ལ་ཞུགས་པའི་དགེ་སློབ་ཚོས་འཆད་ཁྲིད་ཀྱི་ནང་དོན་དང་ཟུང་དུ་སྦྲེལ་ནས་འབྲེལ་ཡོད་གནད་དོན་ཐད་གཅིག་རྗེས་གཉིས་མཐུད་ངང་དྲི་བ་བཏོན་པས་ཡུལ་དངོས་ཕྱོགས་གཉིས་ཀས་བསམ་བློ་བརྗེ་རེས་བྱེད་པའི་རྣམ་པ་བཟང་པོ་ཆགས།

འཆད་ཁྲིད་ལ་ཞུགས་པའི་དགེ་སློབ་ཚོས་བཤད་རྒྱུར། ད་ལྟའི་ཁྲིམས་དཔོན་ཁྲིམས་རིག་པའི་སློབ་གླིང་དུ་གདན་དྲངས་ནས་ཁྲིམས་ལུགས་འཆད་ཁྲིད་བྱེད་པ་ནི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཚོལ་ཞིབ་གསར་པ་ཞིག་ཡིན་པས། དགེ་སློབ་ཚོས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་སྤྱི་དམངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ནང་ཁུལ་དུ་བྱུང་བའི་དོན་དངོས་དཔེ་མཚོན་ལ་དབྱེ་ཞིབ་བྱས་པ་བརྒྱུད། སློབ་མ་ཚོས་ཡིག་ཐོག་གི་བཅའ་ཁྲིམས་དོན་ཚན་དང་དོན་དངོས་བེད་སྤྱོད་ཀྱི་བསམ་གཞིག་ལ་སྔར་བས་ཤུགས་སྣོན་པར་ཁྲིད་སྟོན་བྱས་ཡོད་པའི་ངོས་འཛིན་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།