ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ཐེངས་བདུན་པར་ཞུགས་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་བརྟག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས1ཉིན་ནི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་དུད་ཚང་དུ་ཕྱིན་ནས་ཐོ་འགོད་བྱས་པའི་ཉིན་དང་པོ་རེད། སྔ་དྲོའི་ཆུ་ཚོད9པར། ཟི་ལིང་མཁར་དབུས་ཆུས་ཡོངས་ཁྱབ་ཞིབ་བཤེར་གྱི་མཛུབ་ཁྲིད་པ་ཝང་རོས་དང་བདུན་གཅིག་ལམ་སྡེ་ཁུལ་ནུབ་མའི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝའེ་ཡེན་དང་སྡེ་ཁུལ་ཡོངས་ཁྱབ་ཞིབ་བཤེར་མཁན་ཧྥུའུ་ཅན་ཀྲིན་གཉིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་གྱི་གཞུང་ལས་ཁང་དུ་ཡོང་ནས། ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས།  ཝང་ཅན་ཅུན་གྱིས་བརྩེ་སེམས་དྲོན་མོས་འཚམས་འདྲི་བྱེད་ཞོར་“བཀའ་འདྲི་ག་ཚོད་ཡོད་ན། ཁྱོད་ཀྱིས་དྲིས་དང་ངས་ལན་བསྐྱོན་གསུངས། “ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་ཞིབ་ཕྲའི་བཀའ་འདྲི་གནང་བ་དང་ཝང་ཅན་ཅུན་གྱིས་རེ་རེ་བཞིན་ལན་བསྐྱོན་པ་དང་མཛུབ་ཁྲིད་གནང་ནས་ནན་ཏན་གྱིས་ཞིབ་བསྡུར་བྱས་ཤིང་། མཇུག་ཏུ་ཝང་ཅན་ཅུན་གྱིས་རེ་ཞུ་བྱེད་མཁན་གྱི་མིང་རྟགས་འགོད་གནས་སུ་མིང་རྟགས་བཀོད་པ་རེད།

ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་དང་བརྟག་ཞིབ་ནང་ཞུགས་པའི་བརྒྱུད་རིམ་ཁྲོད་ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ལོ་བཅུ་རེར་ཐེངས་རེ་བྱེད་པའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་དོན་ཆེན་ཞིག་ཡིན། ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ནས་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་བྱེད་ཐེངས་ཤིག་ཡིན་པས། དུད་ཚང་རེ་རེ་དང་མི་ཚང་མར་འབྲེལ་བ་དམ་ཟབ་ཡོད་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་པ་བཟོ་བཞིན་པའི་སྒང་ཡང་ཡིན་སྟབས། མི་འབོར་སྐྱེ་འཕེལ་དང་། གསོ་སྐྱོང་། སློབ་གསོ་སོགས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་ཤེས་རྟོགས་བྱ་རྒྱུ་ནི་མི་འབོར་སྲིད་ཇུས་བཟོ་བ་དང་མི་འབོར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་རེད། དྲིལ་བསྒྲགས་སྐུལ་སློང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་ལྟར་ཡོངས་ཁྱབ་ཞིབ་བཤེར། གཞི་གྲངས་དོན་དངོས་ཡིན་པར་འགན་ལེན། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཟང་པོ་བཅས་བྱེད་དགོས་པར་བསྟན་པ་མ་ཟད། སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་ལས་འགན་ལེགས་སྒྲུབ་དང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་ལ་ཤུགས་བསྣན་ནས་བཀོད་སྒྲིག་ཞིབ་ཚགས་དང་། སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཡོངས་ཁྱབ་ཞིབ་བཤེར་ལ་དོ་ཁུར་དང་། ཡོངས་ཁྱབ་ཞིབ་བཤེར་ལ་རྒྱབ་སྐྱོར། ཡོངས་ཁྱབ་ཞིབ་བཤེར་ནང་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པར་བསྟན།

ཝང་ཞའོ་དང་། ཡུས་ཚུང་ལེ། ཡན་པའོ་བཅས་བརྟག་དཔྱད་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།