ཞིན་ཁྲང་ཞིང་གིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་ཚེས་གསུམ་ཉིན་བར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་ལྷད་མེད་འཕེལ་སྟབས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐབས་བྱ་སྤྱོད་བཟང་བོ་མངོན་དུ་འཇུག་པར་སྐུལ་འདེད་གཏོང་དགོས་ཟེར། 

ཞིན་ཁྲང་ཞིང་ཐོག་མར་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོའི་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བར་སོང་ནས། སྡེ་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས་པ་དང་། ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་དང་བཞུགས་མོལ་བརྗེ་རེས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱིར་དྲན་དང་སློབ་སྦྱོང་བྱས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། འབྲི་ཆུའི་མགོ་ཁུངས་སྡེ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་དང་། ཚང་མའི་འཚོ་བའི་ཆ་རྐྱེན་དང་བསམ་བློའི་རྣམ་པ། སྡེ་བའི་རྣམ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན། གཞི་རིམ་ཏང་འཛུགས་བྱ་བ་བཅས་སྔར་ལས་ཇེ་ལེགས་སུ་སོང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་ཐུགས་ཁུར་དང་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་རྗེས་མཐུད་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཞིབ་འཇུག་བྱས་ནས། མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་གང་ལེགས་བྱེད་དགོས་ཟེར། 

མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་། མཚོ་སྔོན་སྣུམ་ཞིང་ཀུང་ཟིའི་ན་གོར་མོའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་རྡོ་སྣུམ་དང་སོལ་རླངས་ཀྱི་ཐོན་སྐྱེད་ཚོང་གཉེར། མཚོ་སྔོན་ཀྲུང་ཁུང་ཉི་འོད་ནུས་པའི་གློག་འདོན་ཚད་ཡོད་ཀུང་ཟིའི་འོད་ནུས་གློག་འདོན་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་བཅས་ལ་རྟོག་ཞིབ་བྱེད་སྐབས་ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ལྷད་མེད་འཕེལ་རྒྱས་དང་ནུས་ཁུངས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བཀོད་སྒྲིག་གཞིར་བཟུང་སྟེ། ལྕགས་རིགས་མཱེ་ཡི་གཞི་གཅིག་ཅན་གྱི་ལག་རྩལ་དཀའ་གནད་ཐག་གཅོད་བྱས་ནས་ཕྱོགས་ཡོངས་ནས་ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ཕན་ནུས་མཐོར་འདེགས་བྱེད་དགོས། རྡོ་སྣུམ་དང་སོལ་རླངས་ཀྱི་ཐོན་ལས་གཞི་རྒྱ་ཇེ་ཆེར་བཏང་ནས་དགུན་དུས་ཀྱི་རང་བྱུང་སོལ་རླངས་ཀྱི་དམངས་འཚོའི་མཁོ་འདོན་བྱ་བ་བཟང་བོར་བསྒྲུབ་དགོས། ཤུགས་ཆེན་པོས་མཚོ་ནུབ་ཀྱི་སྟོང་ཝ་རིམ་པའི་ནུས་ཁུངས་གསར་བའི་ཐོན་ལས་ཁྱུ་ཚོགས་གསར་བསྐྲུན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོན་ལས་ཀྱི་གཞོགས་འདེགས་འདོན་སྤྲོད་བྱེད་དགོས་ཟེར། 

ན་གོར་མོ་གྲོང་ཁྱེར་གྱི་རྨ་ཆུའི་སྲང་ལམ་ནས་ཞིན་ཁྲང་ཞིང་གིས་ས་དེའི་འཕྲིན་བཅར་དང་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། འཕྲིན་བཅར་བྱ་བ་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ཉན་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། འཕྲིན་བཅར་བྱ་བའི་ཁྲོད་ནས་ས་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་ཁྱད་ཆོས་རྟོགས་ཐུབ་པར་མ་ཟད། གཞི་རིམ་བཅོས་སྐྱོང་གནས་ཚུལ་དང་ལས་བྱེད་པའི་སྤྱོད་ཚུལ་ཡང་མངོན་པར་མཚོན་ཐུབ། མགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་བསམ་འཆར་དང་ལེན་བྱེད་པ་དང་ཕྱིར་མང་ཚོགས་ལ་ལན་སྟེར་བར་ལྟ་རྟོག་བྱེད་པ་སོགས་ཀྱི་ལམ་ལུགས་དངོས་འབེབ་བྱེད་པ་དང་། དྲ་རྒྱའི་འཕྲིན་བཅར་ལ་དོ་སྣང་བྱས་ཏེ་ཧུར་ཐག་སྒོས་གནད་དོན་མགོ་འབུས་བྱུང་བ་ནས་འགལ་བ་ཞི་འཇགས་སུ་གཏོང་དགོས་པར་མ་ཟད། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་རྒྱ་བསྐྱེད་དགོས་ཟེར། 

ཏུའུ་ལན་རྫོང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་ར་བའི་མཚོ་སྔོན་ཏཱ་མའོ་ཧོང་ཚད་ཡོད་འགན་འཁྲི་ཀུང་ཟི་དང་། ཝུའུ་ལན་རྫོང་གཙང་གསུམ་གཤིན་སའི་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟིར་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ནུས་ལྡན་ཚོང་ར་དང་སྲིད་གཞུང་སྔར་ལས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། ལས་སྣོན་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་ཕྱིར་འཚོ་ཐབས་ལམ་རྒྱ་བསྐྱེད་ནས། ཁྱད་ལྡན་ཞིང་ཕྱུགས་ལས་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཞང་སྡེའི་དར་རྒྱས་མངོན་འགྱུར་བྱེད་པའི་གནད་སར་འགྱུར་དུ་འཇུག་དགོས་ཟེར། 

རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་པཎ་ཆེན་ཤིང་སྡེ་དགོན་དང་ཏུའུ་ལན་རྫོང་ཆུ་ཁོལ་གནའ་བོའི་བང་སོ། ཚྭ་ཁའི་མཛེས་ལྗོངས་ས་ཁུལ་བཅས་སུ་རྟོག་ཞིབ་བྱེད་སྐབས་ཞིན་ཁྲང་ཞིང་གིས་བསྟན་དོན། ཉེ་འགྲམ་གྱི་དམར་དམག་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་ལ་སྐུལ་འདེད་གཏོང་དགོས། ཆུ་ཁོལ་གནའ་བོའི་བང་སོ་ལས་རྙེད་པའི་གནའ་རྫས་རྟོག་དཔྱོད་ཀྱི་གྲུབ་འབྲས་གལ་ཆེན་ནི་མི་རིགས་མཉམ་འདྲེས་དང་བརྗེ་རེས་བྱས་པའི་བདེན་དཔང་གལ་ཆེན་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གནའ་རྫས་སྔོག་འདོན་དང་རྒྱུ་ཆ་ལེགས་སྒྲིག རིག་གནས་ཞིབ་འཇུག་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་རིག་གནས་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་འཆར་འགོད་བྱས་ཏེ། དགོས་མཁོ་ལས་རིག་གནས་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 

རྟོག་ཞིབ་བྱེད་སྐབས་ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། མུ་རི་གཏེར་ཁུལ་དང་ཆུ་ལེན་རི་བོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ནན་ཏན་གྱིས་སྐུལ་འདེད་བཏང་སྟེ། མ་ལག་རང་བཞིན་ལྡན་པའི་སླར་གསོ་ལ་བརྟེན་ནས་སྤྱི་ཡོངས་ཀྱི་སྲུང་སྐྱོབ་སྐུལ་འདེད་གཏོང་བ་དང་། རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་མཚམས་བརྟན་པོར་སྲུང་དགོས་ཟེར། 

དབྱིན་པའེ་ཡིས་མཉམ་དུ་རྟོག་ཞིབ་བྱས། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།