ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས26ཉིན་ནས་ཚེས30ཉིན་བར། རྒྱལ་ཁབ་ཚན་རྩལ་པུའུ་ཡི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་འོས་སྦྱོར་བྱས་ཤིང་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་སྣེ་ཁྲིད་པའི“སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་དཔེ་སྟོན”གྱི་རྣམ་གྲངས་ལ་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི“རང་བྱུང་གནོད་འཚེ་ཚབས་ཆེན་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་སྔོན་འགོག”གི་གཙོ་གནད་ཆེད་དམིགས་རྣམ་གྲངས་ཀྱི་ཆོག་མཆན་ཐོབ།(རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཆེད་དོན་ལས་འགན།)
“སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་དཔེ་སྟོན”རྣམ་གྲངས་ནི་མཚོ་སྔོན་དགེ་འོས་སློབ་ཆེན་ལ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་རྣམ་གྲངས་ཐོག་མ་དེ་རེད། རྣམ་གྲངས་དེར་ཆོག་མཆན་ཐོབ་པ་དང་ལག་བསྟར་བྱས་པ་དེས་མཚོ་སྔོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབ་ནུས་པ་དང་། ཕུལ་བྱུང་གི་ཀྲུང་ཧྭའི་རིག་གནས་དེ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་སུ་བརྒྱུད་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་ནུས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ་རིག་གནས་དབུལ་སྐྱོར་དང་། ཕུལ་བྱུང་གི་རིག་གནས་ཟོང་རྟགས་དང་སྒྱུ་རྩལ་རྩེ་གྲ་གཏོད་དེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པར་སྟབས་བདེ་དང་ཕན་འབྲས་ཆེ་བའི་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཅིག་བསྐྲུན་ངེས་རེད།
རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་དེ་དེ་སྔའི“973”དང“863”། “ཚན་རྩལ་འདེགས་སྐྱོར”སོགས་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི་སྡེབ་སྒྲིག་བྱས་ནས་གྲུབ་པ་ཞིག་རེད། 2016ལོར་ལག་བསྟར་བྱེད་འགོ་བརྩམས་ཤིང་། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞིབ་འཇུག་གལ་ཆེན་དང་། ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས། ཁྱོན་ཡོངས་ཀྱི་རང་བརྟེན་གསར་གཏོད་ནུས་པ། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་དང་འབྲེལ་བའི་ཚན་རིག་ལག་རྩལ་གྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཁྱབ་ཁོངས་གཙོ་བོའི་ལག་རྩལ་གྱི་འགག་གནད་ལས་སྒྲོལ་པར་དམིགས་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་རིག་གནས་མཉམ་འདྲེས་ལ་དམིགས་ཏེ་ཚན་ཞིབ་ཀྱི་གཙོ་རྒོལ་ཁ་ཕྱོགས་གཅིག་ཏུ་བསྡུས་ནས་ཧུར་ཐག་སྒོས་ཞིང་ཆེན་ནང་ཁུལ་གྱི་ལེགས་ལྡན་སྡེ་ཁག་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་རྣམ་གྲངས་རེ་ཞུ་བྱས་པར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་དགེ་འོས་སློབ་ཆེན་ལ་རྒྱལ་ཁབ་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་ཐོག་མའི་རྣམ་གྲངས་ཀྱི་ཆོག་མཆན་ཐོབ།