མཚོ་སྔོན་གྱི“རྒྱལ་ཡོངས་བདེ་འཇགས་སྨན་སྤྱོད་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས30ཉིན། 2020ལོའི་མཚོ་སྔོན་ཞིང་ཆེན་གྱི“བདེ་འཇགས་སྨན་སྤྱོད་ཟླ་བའི”འགོ་ཚུགས་མཛད་སྒོ་ཟི་ལིང་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི“བདེ་འཇགས་སྨན་སྤྱོད་ཟླ་བའི”བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ་འགོ་ཚུགས་པ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། 2020ལོའི་རྒྱལ་ཡོངས་ཀྱི་བདེ་འཇགས་སྨན་སྤྱོད་ཟླ་བའི་བརྗོད་དོན་གཙོ་བོ་ནི“བདེ་འཇགས་སྨན་སྤྱོད་དང་རིམས་ནད་མཉམ་བགྲོལ”ཞེས་པ་དེ་རེད། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། 2020ལོའི་རྒྱལ་ཡོངས་ཀྱི་བདེ་འཇགས་སྨན་སྤྱོད་ཟླ་བའི་མཚོ་སྔོན་གྱི་བྱེད་སྒོ་རབ་དང་རིམ་པ་དེ་ཟླ11པའི་ཟླ་དཀྱིལ་བར་སྤེལ་རྒྱུ་རེད། དྲིལ་བསྒྲགས་ཀྱི་གཙོ་གནད་ཕྱོགས་གསུམ་ཡོད་དེ། གཅིག སྨན་རྫས་ལྟ་སྐུལ་སྡེ་ཁག་གིས་པྲོག་གསར་རིམས་ནད་ལ་འགོག་རྒོལ་བྱས་ནས་འཕྲལ་སྡོམ་ཞིབ་བཤེར་མཆན་འགོད་དང་། ཞིབ་བཤེར་བརྟག་དཔྱད། སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་སྨན་རྫས་དགོས་མཁོ་དང་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་སྨན་རྫས་བདེ་འཇགས་མཐའ་ཚད་བརྟན་སྲུང་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ། གཉིས། སྨན་རྫས་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྲོལ་དང་ལམ་ལུགས་དྲིལ་བསྒྲགས་བྱས་ནས་སྔར་ལས་ལྷག་པར་ཁྲིམས་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྨན་རྫས་བདེ་འཇགས་ཀྱི་ཁྲིམས་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བར་རྨང་གཞི་འདིང་དགོས། གསུམ། སྨན་སྦྱོར་པ་དང་སྨན་རྫས་རིག་པའི་ཆེད་ལས་མི་སྣ། སྨན་རྫས་སློབ་ཚོགས་སོགས་ཆེད་ལས་ཚོགས་པ་རྩ་འཛུགས་བྱེད་པའི་ནུས་པ་དང་ལས་གཉེར་སྨན་སྦྱོར་པའི་སྨན་རྫས་རིག་པའི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཐད་ལ་དྲིལ་སྒྲོག་གཏིང་ཟབ་བྱ་རྒྱུ་རེད། 

“བདེ་འཇགས་སྨན་སྤྱོད་ཟླ་བའི”བྱེད་སྒོ་སྤེལ་རིང་། སྨན་རྫས་བདེ་འཇགས་ཀྱི་དྲ་རྒྱའི་ཤེས་བྱའི་འགྲན་བསྡུར་དང་། “ཀྲུང་གོའི་སྨན་སྦྱོར་པའི་གཟའ་འཁོར”གྱི་ཚན་རིག་ཁྱབ་སྤེལ་སྤྱི་ཕན་དྲིལ་བསྒྲགས། “སྨན་སྦྱོར་མཁན་བཟང་བོའི”དཔྱད་འདེམས་གཟེངས་བསྟོད། 《སྨན་རྫས་དོ་དམ་བཅའ་ཁྲིམས》དྲིལ་བསྒྲགས་དང་གསོ་སྦྱོང་ལས་དོན་ལག་བསྟར། “སྨན་ལས་འཕྲུལ་ཆས་བེད་སྤྱོད་ལ་འགན་ལེན་དང་བདེ་འཇགས་ཕན་འདོགས་ལ་ཁག་ཐག་བྱེད་པ”ཞེས་པ་ཚོད་ལྟ་ཁང་དུ་སྐྱེལ་བའི་བྱེད་སྒོ་སྤེལ་རྒྱུ་རེད། གཞན་ཡང་སྨན་རྫས་འཁོར་རྒྱུག་ཁེ་ལས་དང་སྨན་རྫས་སིལ་ཚོང་ཁང་ལ་ཁྲིམས་སྐྱོང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་རྫས་དང་འབྲེལ་བའི་ཁྲོམ་རའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཁག་གཅིག་དམར་རྗེན་དུ་བཏོན་ཏེ་རྫུན་བཟོ་རྫུན་འཚོང་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་སྨན་རྫས་ཁྲོམ་རའི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་རེད། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།