ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན་ནས་ཚེས31ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་ཡུལ་ཤུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་རིག་གི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་འདྲེན་གནད་དོན་དག་ཐེར་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། ས་སྲུང་འགན་འཁུར་དང་ས་སྲུང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་གནམ་སྔོན་པོ་དང་། ཆུ་གཙང་པོ། ས་དག་མོ་བཅས་བརྟན་སྲུང་བྱེད་དགོས་པར་བསྟན།
ལིག་ཐའོ་སྔ་རྗེས་སུ་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། མགོ་ལོག་ཁུལ་རྨ་སྟོད་རྫོང་བཅས་སུ་ཕྱིན་ནས། རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་དང་། འབྲི་ཆུའི་ཆུ་འགོ་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་ཆུ་དམར་ལེབ་དོ་དམ་ཁྲུའུ། རྨ་ཆུའི་ཆུ་འགོ་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་བཅས་སུ་ཟབ་ཞུགས་བྱས་པ་མ་ཟད། དེ་བཞིན་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་དང་གད་སྙིགས་སྦས་ས། ས་ནག་གྲམ་ཐང་། བྱེ་ཐང་ཅན་དུ་འགྱུར་བ་བཅས་བཅོས་སྐྱོང་བྱེད་པའི་རྣམ་གྲངས་སྤེལ་ཡུལ་ཡུལ་དངོས་སུ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་དང་། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།
ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་ལྟར། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་དང་ལྡོག་འདྲེན་བྱེད་པའི་གནད་དོན་དག་ཐེར་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། དུས་བཀག་ལྟར་ལས་དོན་འགྲུབ་པར་འགན་ལེན་བྱེད་དགོས་པར་བསྟན། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ལིག་ཐའོ་ཡིས་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་དུ་བརྟག་ཞིབ་གནང་བ།