མཚོ་སྔོན་ཞིང་ཆེན་གྱིས་བྱ་གཞག་སྒྲིག་ཁོངས183གཅིག་གྱུར་འཆར་འགོད་བྱས་ནས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཡུལ་ཤུལ་དང་། མགོ་ལོག  རྨ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་གསུམ་གྱི་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་གྱི་མི་ཤུགས་ཐོན་ཁུངས་མི་འདང་བ་དང་ཤེས་ལྡན་མི་སྣ་བསྡུ་མི་ཐུབ་པ་སོགས་ཀྱི་ཡུན་རིང་གནས་པའི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་དང་ས་ཁུལ་བརྒལ་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་དང་བྱ་གཞག་ལས་ཁུངས་ཁག་གི་སྒྲིག་ཁོངས183གཅིག་གྱུར་གྱིས་སྙོམ་སྒྲིག་བྱས་ཏེ། སྙོམ་སྒྲིག་བྱས་པའི་སྒྲིག་ཁོངས་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང12ལ་བགོ་བཤའ་རྒྱབ་པ་དང་། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གདམ་གསེས་དང་སྒྲིག་ཁོངས་མང་དུ་བཏང་བའི་གྲངས་འབོར་གཅིག་མཚུངས་ཀྱི་ལས་སྒོའི་རྐང་འཛིན་པ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང14དང་ཁུལ་རིམ་པའི་གཞུང་བཙུགས་སྨན་ཁང7བཅས་སུ་མངགས་ཡོད་པས། ཡུན་རིང་བརྟན་འཇགས་ཀྱི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཚོགས་པ་སྒྲིག་པའི་རྣམ་པའི་ཁ་གཏད་སྨན་བཅོས་ཀྱི་འབྲེལ་བ་བཙུགས་ཡོད་པ་རེད།

ཡུལ་ཤུལ་དང་མགོ་ལོག  རྨ་ལྷོ་བཅས་ཁུལ་གསུམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི4000ཡན་ཟིན་ཡོད་པས། གནམ་གཤིས་མི་བཟང་པ་དང་ཞིང་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པ། རྒྱུན་འབྱུང་ནད་རིགས་ཀྱི་གཅོང་ནད་དང་ས་མཐོའི་ནད། ས་ཁུལ་རང་བཞིན་གྱི་ནད། འགོས་ནད་བཅས་འབྱུང་ཚད་མང་བ་ནི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་ཚོད་འཛིན་ཐེབས་པའི་དཀའ་གནད་དང་གནད་འགག་བཅས་རེད། 2018ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གསར་སྐྲུན་རང་བཞིན་གྱི་སྒོ་ནས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རིམ་པ་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་འགུལ་རྣམ་གྱི་འཁོར་རྒྱུག་རྫིང་བུ་བཙུགས་པ་མ་ཟད། སྒྲིག་འཛུགས་ལས་སྒྲུབ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད། འཕྲོད་བསྟེན་བདེ་ཐང་བཅས་ཀྱི་སྡེ་ཁག་མང་པོས་མཐུན་རྐྱེན་སྦྱར་ཏེ་ཆ་འགྲིག་སྲིད་ཇུས་བཙུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ནང་རྐྱེན་གྱི་ཐོག་ནས་ལས་རིགས་ཀྱི་ཚོད་འཛིན་ལས་བརྒལ་བ། རོགས་སྐྱོར་བྱེད་སྟངས་ཐོག་ནས་སྤུས་ལེགས་ཐོན་ཁུངས་ཀྱི་ཚོགས་པ་སྒྲིག་པའི་རྣམ་པས་གཞི་རིམ་དུ་བསྐྱོད་དེ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་དང་རིམ་སྤོར་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ལོ་གཉིས་རིང་སྨན་བཅོས་ཚོགས་པ་ཁག་གིས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་རྐྱེན། “གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་ནས་ས་གནས་དེ་གའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས། ད་ལོའི་ཟླ9པའི་ཟླ་མཇུག་བར། སྨན་བཅོས་རོགས་སྐྱོར་ཚོགས་པས་རིམ་རྩིས་བྱས་ན་མི་ཐེངས་ཁྲི21.9ལ་སྒོ་བསྟེན་སྨན་བཅོས་ཞབས་ཞུ་བྱས་པ་དང་། མི་ཐེངས་ཁྲི2.76ལ་ཞག་སྡོད་སྨན་བཅོས་ཞབས་ཞུ་བྱས། ནད་གཞི་ཚབས་ཆེན་ཕོག་མཁན་མི་ཐེངས5950མྱུར་སྐྱོབ་དང་། མི་ཐེངས3264ལ་གཤགས་བཅོས་བྱས་ལ། ལས་སྒོ་གསར་པ1121བཅས་སྤེལ་བ་རེད། རོགས་སྐྱོར་བྱས་པ་བརྒྱུད་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་མི་ཐེངས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།