མཚོ་སྔོན་གྱིས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ནང་སར་བསྐྱོད་དེ་རྟོག་ཞིབ་དང་ལུས་གསོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པར་ཀུན་སྤྱོད་དཔེ་ལེགས་ཅན་དར་སྤེལ་དང་སྤྱི་ཚོགས་ཡོངས་སུ་སྲོལ་བཟང་ཆགས་པར་བྱ་ཆེད་དང་། “དྲིན་ལ་དྲིན་ལན་དང་། སྤྱོད་བཟང་ལ་ཐོབ་ཆ་ཡོད”ཅེས་པའི་རིན་ཐང་ལྟ་བ་མངོན་པར་བྱ་ཆེད། ཟླ10བའི་ཚེས13ཉིན་ནས་ཚེས20ཉིན་བར་མཚོ་སྔོན་ཞིང་ཆེན་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ནས་འདེམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དང“ཀྲུང་གོའི་མི་བཟང”དང“མཚོ་སྔོན་གྱི་མི་ཡག་ཤོས”བཅས་ཀྱི་འཐུས་མི་སྐོར་ཞིག་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་བསྐྱོད་དེ་རྟོག་ཞིབ་དང་ལུས་གསོ་བྱས།

 ད་ཐེངས་ཀྱི་རྟོག་ཞིབ་དང་ལུས་གསོ་ནང་ཞུགས་མཁན་ལ་ལོ་ངོ་དྲུག་ཅུ་ལྷག་ལ་ཉིན་གཅིག་ལྟར་རི་རྒོད་སྔོ་ལྗང་ཅན་དུ་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱེད་མཁན་ཏེ་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ལི་ཧུང་ཀྲན་དང་། ཨ་མ་ཁུར་ནས་སློབ་ཆེན་འགྲིམས་མཁན་སྐབས་དྲུག་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་པའེ་ཡུང་ཧའོ། ཐུག་པ་དཀར་ཡོལ་གང་གིས་གྲོང་ཁྱེར་ཞིག་ལ་དྲོ་སྐྱིད་སྦྱིན་མཁན་ཏེ་ཀྲུང་གོའི་མི་བཟང་ཝང་ཞའོ་ཅུན། སེམས་ཤུགས་ཡོད་རྒུས་སློབ་གསོ་དང་སློབ་མ་གསོ་སྐྱོང་བྱེད་པའི་དགེ་རྒན་བཟང་པོ་ལི་ཡིའུ་ཆིན། དབུགས་ལམ་འཕྲུལ་ཆས་བཀོལ་བཞིན་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་བརྟན་སྲུང་བྱེད་མཁན་ཏེ་ཉེན་རྟོག་པ་རྒན་གྲས་སྐལ་བཟང་ཉི་མ། གསར་བརྗེའི་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱེད་མཁན་ཏེ་ས་ལར་རིགས་ཀྱི་དགེ་རྒན་མཱ་མིང་ཆོན་སོགས་ཡོད།

འཐུས་མི་རྣམས་ཐེངས་འདིའི་བརྟག་དཔྱད་དང་ལུས་གསོ་བྱེད་སྒོའི་ཁྲོད་ལུས་སེམས་བློ་སྦྱོང་དང་། མཐོང་རྒྱ་ཇེ་ཡངས། ཤེས་རྒྱ་ཇེ་ཆེར་བཏང་བས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་པ་མ་ཟད། ཕྱིར་ལས་གནས་སུ་ལོག་རྗེས་སྔར་ལས་ལྷག་པར་ཀུན་སྤྱོད་དཔེ་བཟང་ཅན་གྱི་མིག་དཔེའི་སྙིང་སྟོབས་དར་སྤེལ་བཏང་ནས། གཟི་བརྗིད་ལ་གཅེས་སྤྲས་དང་འགན་འཁྲི་འཁུར་ཕོད་པ། རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ། ལས་དོན་ཧུར་ཐག་སྒོས་སྒྲུབ་པ་བཅས་བྱས་ནས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཚུལ་བསྟན། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།