ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས2020ལོའི་ཟླ་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་བསྡུས་ནས་“བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་”སྐོར་ལ་ཆེད་དོན་གྲོས་མོལ་གནང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
རིན་ཆེན་རྣམ་རྒྱལ་གྱིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་དུས་འགོའི་གྲ་སྒྲིག་བྱ་བ་ངོ་སྤྲོད་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས་གྲོང་ཁྱེར(ཁུལ)6གི་དགོན་སྡེ་དང་རྟེན་རྫས་བཤམས་སྟོན་ཁང་སོགས་ལ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་ནས། བཞུགས་མོལ་ཚོགས་འདུ་ཡག་པོ་འཚོགས་པར་རྨང་གཞི་བཏིང་། བློ་མཐུན6གིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ཀྱི་ཚབ་ཞུས་ཏེ་གཏམ་བཤད་གནང་ནས་རིག་གནས་ཀྱིས་ཁྲིད་སྟོན་དང་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས། ཆོས་ལུགས་ལས་རིགས་མི་སྣས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ། དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གྲོས་འགོ་བཏོན། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པས་ཨུ་ཡོན་གྱི་གྲོས་འགོར་ལན་བསྐྱོན་པ་རེད།
དབྱང་ཀྲི་ཝུན་གྱིས་ཨུ་ཡོན་གྱིས་བཏོན་པའི་གྲོས་འགོར་ནན་གྱིས་གསན་པ་དང་འབྲེལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་སུ་བཞུགས་མོལ་ཚོགས་འདུ་ཚོགས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གང་ལེགས་གནང་བ་མཚོན་ཡོད། བཞུགས་མོལ་ཚོགས་འདུའི་བརྗོད་གཞི་གནད་འཁེལ་དང་ཇུས་འགོད་ནན་ཏན། གྲ་སྒྲིག་ཞིབ་ཚགས་བཅས་བྱས་ཏེ། སྲིད་གཞུང་གིས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པར་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་ཡོད། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་གྲོས་མོལ་ཚོགས་འདུའི་ཐོག་བཏོན་པའི་བསམ་འཆར་དང་གྲོས་འགོ་རང་འགུལ་ངང་ངོས་འཛིན་རྩིས་ལེན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བླང་བྱ་གཞིར་བཟུང་ཞིབ་འཇུག་ནན་ཏན་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཟེར།
ཝང་ཞའོ་ཡུང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། བོད་བརྒྱུད་ནང་བསྟན་ནི་ཀྲུང་གོའི་ནང་བསྟན་རིག་གནས་ཡིན་པ་མ་ཟད། ཀྲུང་ཧྭའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། “ཁྲིད་སྟོན་”གྱི་ཐད་ལ་ཤུགས་རྒྱག་པ་དང་། ལས་ཀ་བྱེད་སྟངས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། “ཁྲིད་སྟོན་”ལ་ཁ་ཕྱོགས་ཡོད་པ་དང་། “ཁྲིད་སྟོན་”ལ་སྟོབས་ཤུགས་ཡོད་པ། “ཁྲིད་སྟོན་”ལ་གྲུབ་འབྲས་ཡོད་པ་བཅས་བྱས་ནས། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས་“བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི”སྐོར་་ལ་ཐབས་འདོན་ཇུས་འབུལ་བྱས་པ།