མཚོ་སྔོན་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་རྟེན་འབྲེལ་སྤྲིངས་ཡིག་གི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་དང་། མཚོ་སྔོན་གྱི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་། “དབུལ་ཕོངས་ལས་ཐར་བ་དང་སྲིད་ཏང་གི་འགན་འཁྲི”ཞེས་པའི་རྒྱལ་སྤྱིའི་གཞུང་ལུགས་དཔྱད་གླེང་ཚོགས་འདུའི་རྟེན་འབྲེལ་སྤྲིངས་ཡིག་གཉིས་ཀྱིས། ང་ཚོས་དབུལ་ཐར་འགག་སྒྲོལ་ཕུན་སུམ་ཚོགས་པའི་ངང་མཇུག་སྡོམ་པ་དང་རྗེས་མཐུད་ལས་དོན་ལ་ཁ་ཕྱོགས་གསལ་པོར་བསྟན་ནས་སྒུལ་ཤུགས་སྟོབས་ཆེན་མཁོ་འདོན་གནང་ཡོད། ཀྲུང་གོའི་དབུལ་ཐར་ནི་མིའི་རིགས་ཀྱི་དབུལ་ཐར་ལོ་རྒྱུས་ཁྲོད་ཀྱི་རྟགས་མཚན་གསར་པ་ཞིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཏུ་ཀྲུང་གོའི་གུང་ཁྲན་ཏང་གི་དབུ་ཁྲིད་ཁོ་ནས་མ་གཏོགས་མངོན་འགྱུར་བྱེད་མི་ཐུབ་པར་ངོས་ཟིན་ཟབ་མོ་སྐྱེས་དགོས་ལ། དབུལ་ཕུངས་ལས་ཐར་བ་དང་སྲིད་ཏང་གི་འགན་འཁྲི་ནི། ཀྲུང་གོའི་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དེས་འཛམ་གླིང་གི་སྲིད་ཏང་གཞན་ལ་མིག་དཔེ་བཟང་པོ་བསྟན་པར་ངོས་ཟིན་ཟབ་མོ་སྐྱེས་དགོས། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་ཀྱི་རྒྱུན་འཛིན་དར་སྤེལ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རིག་གནས་གདེང་ཚོད་བརྟན་པོའི་མཐོ་ཚད་དང་། རིག་གནས་གཟི་བྱིན་མཉམ་རོལ་གྱི་ངོས་ཐད། རིག་གནས་གཞི་རྒྱུད་རྒྱུན་འཛིན་གྱི་ཕྱོགས་བཅས་སུ་ལངས་ནས། གནའ་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། མ་དངུལ་གྱི་རྒྱབ་སྐྱོར་ཇེ་ཆེར་གཏོང་བ། འཇོན་མི་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་བ། གནའ་དཔྱད་ལས་དོན་ལ་སྐུལ་འདེད་བྱེད་པ། ལོ་རྒྱུས་ཀྱིས་མ་འོངས་པ་གསལ་བར་འབྱེད་པ། སྤྱི་ཚོགས་ཡོངས་སུ་རིག་གནས་ལ་གུས་བརྩི་ཞུ་བ་དང་། དཔལ་ཡོན་ལ་བཀུར་བསྟི་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ཏེ། མཚོ་སྔོན་ནི་ཀྲུང་ཧྭའི་དཔལ་ཡོན་མངོན་པར་བྱེད་པའི་སྒེའུ་ཁུང་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདོན་སྤྲོད་ཕྱིར་འཚོང་མཉམ་ལས་ཁང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་ལག་བསྟར་བྱས་ནས། འདོན་སྤྲོད་ཕྱིར་འཚོང་མཉམ་ལས་ཁང་གི་རུས་ཏང་ཡིན་པའི་ཆབ་སྲིད་ཀྱི་རང་བཞིན་རྒྱུན་འཁྱོངས་དང་། ཏང་གིས་ཏང་སྐྱོང་བ་དང་ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་རྒྱུན་འཁྱོངས་ཀྱིས་ཏང་གི་དབུ་ཁྲིད་འོག་མུ་མཐུད་དུ་འདོན་སྤྲོད་ཕྱིར་འཚོང་མཉམ་ལས་ཁང་ལེགས་པོར་བསྒྲུབ་དགོས་ཞེས་བསྟན།

ཚོགས་ཐོག་ནས་གཅིག་བསྡུས་སྒོས་ཉེ་ཆར་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་ཕྱིར་བསྐྱོད་དམག་འཐབ་ལོ་ངོ70འཁོར་བའི་རྗེས་དྲན་ཚོགས་ཆེན། ཧྲིན་ཀྲིན་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་ནས་ལོ་ངོ40འཁོར་བའི་རྟེན་འབྲེལ་ཚོགས་ཆེན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་པ། སློབ་གསོ་རིག་གནས་འཕྲོད་བསྟེན་ལུས་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་འཐུས་མིིའི་བཞུགས་མོལ་ཚོགས་འདུ་བཅས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ལས་དོན་དྲ་ཐོག་ནས་བསམ་འཆར་བསྡུ་བའི་བྱེད་སྒོའི་མཛུབ་སྟོན་གལ་ཆེན་དང་། ཀོང་ཏུང་དུ་གཟིགས་ཞིབ་གནང་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་བརྒྱུད་སྒྲོག་བྱས།

ཚོགས་ཐོག་ནས་ད་དུང་དོན་ཚན་གཞན་དག་ལའང་སློབ་སྦྱོང་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།