ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྲོག་རའི་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིར་ཐོན་ལས་དབུལ་སྐྱོར་དངུལ་བུན་སྒོར་ཁྲི5000བཏང་བ་དེ་ཁེ་ལས་ཀྱིས“ཆུས་གསུམ་དང་ཁུལ་གསུམ”ས་ཁུལ་གྱི་ཞིང་འབྲོག་པའི་མཉམ་ལས་ཁང་གི་ནོར་ལུག་ཉོ་སྒྲུབ་བྱེད་པར་སྤྱད་པས། དུད་ཚང་དབུལ་པོའི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། དངུལ་བུན་བཏང་བ་དེས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་མ་ཟད་དུས་མཚུངས་སུ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་སྣོན་ལ་དོན་དངོས་ཀྱི་ཕན་པ་ཐོབ་ནས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཁྱིམ11གི་ལས་ཞུགས་བརྟན་འཇགས་ལ་སྐུལ་ཁྲིད་བྱས་ཏེ་དབུལ་སྒྲོལ་དབུལ་བརྟན་ཡོང་བ་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་རྒྱུ་ནི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། “ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཐོན་ཚོང་འབྲེལ་མཐུད་མགྱོགས་མྱུར་ཡོང་བ་བྱས་ཡོད་ལ། དབུལ་སྐྱོར་གྱི་སྣེ་ཁྲིད་ཕན་འབྲས་ལེགས་པ་དང་བརྟན་འཇགས་ངང་དབུལ་སྒྲོལ་ཐུབ་པའི་དབུལ་སྐྱོར་རྣམ་གྲངས་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས་ཏེ་ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་། ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་ཀྱི་གནས་ཚུལ་ཤེས་རྗེས། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་དངུལ་རྩའི་དབུལ་སྐྱོར་གྱི་གཙོ་ཤུགས་ཀྱིས་མིག་དཔེའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་དངུལ་རྩའི་དབུལ་སྐྱོར་གྱི་ཟམ་པ་བསྐྲུན་ཅིང་། “སྲིད་གཞུང་གིས་གཙོ་ཁྲིད་དང་། དངུལ་ཁང་དང་ཁེ་ལས་མཉམ་ལས། ཉེན་ཁ་མཉམ་འཁུར། ཁྲོམ་རའི་འཁོར་སྐྱོད། གནད་ཁེལ་དབུལ་སྐྱོར། ལུགས་མཐུན་ནུས་ལྡན”བཅས་ཀྱི་རྩ་དོན་གཞིར་བཟུང་། “སྲིད་གཞུང་དང་ཁེ་ལས། དངུལ་ཁང་། མཉམ་ལས་ཁང་། ཞིང་འབྲོག་མང་ཚོགས་བཅས་ཟུང་དུ་འབྲེལ་བའི”ཕྱོགས་ལྔ་གཞི་གཅིག་གི་གནད་ཁེལ་དབུལ་སྐྱོར་བྱེད་སྟངས་བཏོན་པ་མ་ཟད། ཡིད་རྟོན་བྱེད་སྟངས་དང་གཟིགས་སྐྱོང་ཕན་ནུས་ལ་བརྟེན་ནས“ཆུས་གསུམ་དང་ཁུལ་གསུམ”གྱི་ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་དང་ཁེ་ལས་ཆུང་གྲས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། མ་དངུལ་བསྡུ་སྒྲིལ་ཆེ་བ། ཞིང་འབྲོག་མང་ཚོགས་ཀྱི་ནོར་ལུག་ཕྱིར་འཚོང་དཀའ་བ་དང་རིན་གོང་དམའ་བའི་གནད་དོན་ཐག་གཅོད་བྱས་ནས། ཕྱོགས་མང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
སྒོར་ཁྲི་5000བཏང་ནས“ཆུས་གསུམ་དང་ཁུལ་གསུམ”གྱི་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།