ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག་རྒྱལ་ཡོངས་མི་གྲངས་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་དུད་ཚང་དུ་བསྐྱོད་དེ་ཐོ་འགོད་བྱེད་པའི་དུས་ཡུན་ནི་ཟླ11པའི་ཚེས1ཉིན་ནས་ཚེས30ཉིན་བར་རེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡོངས་བཤེར་མི་སྣ་སུམ་ཁྲི་སུམ་སྟོང་ལྷག་གིས་གཅིག་གྱུར་ཐོག་ཡོངས་བཤེར་མཛུབ་ཁྲིད་པ་དང་ཡོངས་བཤེར་པའི་ལག་ཁྱེར་བཏགས་ནས་ནན་ཏན་སྒོས་ཡོངས་བཤེར་གྱི་བརྒྱུད་རིམ་གཞིར་བྱས་ཏེ་ད་སྡོད་ས་གནས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དུད་ཚང་གཅིག་ཀྱང་མ་ལུས་པར་དུད་ཚང་དུ་ཆ་འཕྲིན་འཚོལ་བསྡུ་བྱེད་པར་བསྐྱོད་རྒྱུ་རེད། དུད་མིས་ཡོངས་བཤེར་པའི་འདྲི་རྩད་ཆ་འཕྲིན་གཞིར་བཟུང་སྟེ་རེ་རེ་བཞིན་རེའུ་མིག་བཀོད་འབུལ་བྱས་ཏེ་མིང་རྟགས་བཀོད་ནས་ཁས་ལེན་བྱས་ཆོག་ལ། རང་ཐག་རང་གཅོད་ཀྱིས་རེའུ་མིག་བཀོད་འབུལ་བྱས་ཀྱང་ཆོག ཡོངས་བཤེར་བྱ་ཡུལ་གྱི་ཐོ་འགོད་མཇུག་འགྲིལ་རྗེས་འཕྲལ་དུ་ཡོངས་བཤེར་གྱི་གྲངས་གཞི་ཞིབ་བསྡུར་དང་བྱ་བའི་རྗེས་ཀྱི་སྤུས་ཚད་འདེམས་བཤེར་སོགས་ཀྱི་ལས་དོན་སྤེལ་ནས2021ལོར་ཕྱི་ཕྱོགས་སུ་གྲངས་གཞི་གཙོ་བོ་ཡོངས་བསྒྲགས་བྱེད་རྒྱུ་རེད།
རྒྱལ་ཡོངས་མི་གྲངས་ཡོངས་བཤེར་ཐེངས་བདུན་པས་དུད་ཚང་ཚན་པར་བྱས་ནས་འབྲེལ་ཡོད་མི་གྲངས་ཀྱི་ཆ་འཕྲིན་ཐོ་འགོད་བྱ་རྒྱུ་རེད། ཡོངས་བཤེར་བྱ་ཡུལ་ནི་ཡོངས་བཤེར་གྱི་ཚད་གཞིའི་དུས་ཡུན་ནང་རང་རྒྱལ་གྱི་མངའ་ཁོངས་སུ་ཡོད་པའི་རང་བྱུང་མི་དང་། དེ་བཞིན་མངའ་ཁོངས་ཕྱི་རུ་གནས་ཀྱང་གཞིས་ཆགས་མེད་པའི་ཀྲུང་གོའི་སྤྱི་དམངས་འདུས། དེའི་ནང་རང་རྒྱལ་གྱི་མངའ་ཁོངས་སུ་དུས་ཡུན་ཐུང་ངུར་སྡོད་པའི་རྒྱལ་ཁོངས་ཕྱིའི་མི་སྣ་མི་ཚུད།
ཡོངས་བཤེར་གྱི་རེའུ་མིག་ཐུང་ངུར་ཐོ་འགོད་བྱེད་པའི་ནང་དོན་གཙོ་བོ་གཤམ་གསལ་ལྟར་ཡིན་ཏེ། རུས་མིང་དང་སྤྱི་དམངས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ཕོ་མོ། ན་ཚོད། མི་རིགས། སློབ་གསོ་མྱོང་ཚད། ལས་རིགས། ལས་གནས། གནས་སྤོ་འཁོར་རྒྱུག གཉེན་སྒྲིག་བུ་བཙའ། ཤི་འདས། སྡོད་ཁང་གི་གནས་ཚུལ་སོགས་གཞི་རྩའི་དམིགས་ཚད་རེད། ཡོངས་བཤེར་གྱི་རེའུ་མིག་རིང་པོ་ནི་དུད་ཚང་ཡོངས་ཀྱི་ཁྲོད་ནས10%བདམས་ཏེ་རེའུ་མིག་བཀོད་འབུལ་བྱ་རྒྱུ་རེད། རེའུ་མིག་རིང་པོ་བཀོད་འབུལ་བྱེད་པར་རེའུ་མིག་ཐུང་ངུའི་རྣམ་གྲངས་ཚུད་པ་མ་ཟད། ད་དུང་མི་འབོར་གྱི་དཔལ་འབྱོར་བྱེད་སྒོ་དང་གཉེན་སྒྲིག་བུ་བཙའ། སྡོད་ཁང་སོགས་ཀྱི་ཆ་འཕྲིན་བཀོད་འབུལ་བྱ་དགོས། དེ་སྔོན་གྱི་མི་གྲངས་ཡོངས་བཤེར་དང་མི་འདྲ་བར་ཐེངས་འདིའི་ཡོངས་བཤེར་ལ་གློག་རྡུལ་ཅན་གྱི་འཚོལ་བསྡུ་བྱེད་སྟངས་ཁྱོན་ཡོངས་ནས་སྤྱད་པ་དང་། ཡོངས་བཤེར་པས་རིག་ནུས་ལག་ཐོགས་ཁ་པར་རམPADཐོ་འགོད་སྤྱད་དེ་ཡོངས་བཤེར་བྱ་ཡུལ་གྱི་ཆ་འཕྲིན་འཚོལ་བསྡུ་ཐོ་འགོད་བྱས་ནས་དྲ་ཐོག་གོང་ཞུ་བྱེད་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་གྲངས་ཡོངས་བཤེར་ཐེངས་བདུན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་དུད་ཁྱིམ་ཚང་མར་འབོད་སྐུལ་བྱས་དོན། རྒྱལ་ཁབ་ཀྱི་དོན་ཆེན་ལ་སྤྱི་དམངས་རེ་རེས་རང་འགུལ་ངང་ཡོངས་བཤེར་གྱི་འོས་འགན་བསྒྲུབ་དགོས་ཏེ། ཧུར་ཐག་གིས་ཡོངས་བཤེར་ལ་རྒྱབ་སྐྱོར་དང་ཡོངས་བཤེར་ལ་གཞོགས་འདེགས། ཡོངས་བཤེར་ནང་ཞུགས་པ་བཅས་བྱས་ཏེ་དོན་དངོས་དང་། ཡང་དག་པ། ཆ་ཚང་བ། དུས་ཐོག་བཅས་ཡིན་པའི་ཡོངས་བཤེར་གྱི་ཆ་འཕྲིན་འབྲི་དགོས། རིམ་པ་སོ་སོའི་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིས་ནན་ཏན་སྒོས《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་གསང་སྲུང་གི་འོས་འགན་བསྒྲུབ་དགོས་ཏེ། འཚོལ་བསྡུ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་དཔྱད་ཡིག་ཁྲིམས་ལྟར་གསང་སྲུང་བྱ་རྒྱུ་དང་བརྒྱུད་རིམ་ཧྲིལ་པོར་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་ཤུགས་ཆེ་རུ་བཏང་ནས། སྒྲིག་གཞི་དང་སྡེ་ཁག མི་སྒེར་བཅས་གང་རུང་ལ་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་བྱ་རྒྱུ་གཏན་འགོག་བྱེད་དགོས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་ཡོངས་བཤེར་ཐེངས་བདུན་པ་དངོས་སུ་སྤེལ་འགོ་ཚུགས།