ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཕག་གི་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ10བའི་ཚེས27ཉིན།  ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི།  ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲང་ཧོང་ཡོན་གྱིས་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་ལེ་ཏུའུ་ཆུས་དང་།  ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་།  ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་བཅས་སུ་ཕེབས་ནས་ཕག་གི་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

ཕག་གསོའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་བྱེད་སྐབས་ཕག་གསོའི་ལས་ཀ་སླར་གསོ་བྱེད་དགོས་པ་དང་།  ཚོང་རའི་མཁོ་སྤྲོད་འགན་སྲུང་།  རིན་གོང་བརྟན་སྲུང་།  ཁྱོན་ཡོངས་ལ་བསམ་བློ་གཏོང་བ་བཅས་བྱས་ནས།  འགན་འཁྲི་ལྕི་བས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་དགོས་པ་མ་ཟད།   རོགས་སྐྱོར་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་།  དམིགས་འབེན་དང་ལས་འགན་ལ་ཞིབ་བསྡུར་བྱ་དགོས་ཤིང་།  ལས་ཡུན་གྱི་གོ་རིམ་ལྡོག་སྒྲིག་བྱས་ནས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་།  ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།  ཐབས་བརྒྱ་ཇུས་སྟོང་གིས་དཀའ་ངལ་དང་འགྲན་སློང་ཁྱད་བསད་བྱེད་པ།  གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བའི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་བ།  འཚོ་བཅུད་ཁ་གསབ་བྱེད་པ།  ཐོན་ནུས་གསར་སྣོན་དང་ཐོན་སྐྱེད་བྱེད་ཚད་མང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ།  ཚོང་རའི་ཕག་ཤའི་མཁོ་སྤྲོད་འགན་སྲུང་བྱེད་པ་དང་།  རྒྱལ་ཁབ་ཀྱིས་དོན་པའི་ཕག་གི་ཐོན་སྐྱེད་སླར་གསོའི་དམིགས་འབེན་དང་ལས་འགན་འགྲུབ་དུ་འཇུག་དགོས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།