ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གཉོར་སྐྱོང་ཚད་གཞི་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གཉོར་སྐྱོང་ཚད་གཞི་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ་ཐག་བཅད་པ་དང་། དེའི་ནང་དུ་ཕན་བདེ་ལས་ཁུངས་ཀྱིས་གཅིག་བསྡུས་སྒོས་དྭ་ཕྲུག་གཉེར་སྐྱོང་བྱེད་པའི་གཞི་རྩའི་འཚོ་བའི་གྲོན་དངུལ་འགན་སྲུང་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱ་ནས་སྒོར་སྟོང་གཅིག་དང་སུམ་བརྒྱ་དྲུག་ཅུ་ལ་ཇེ་མཐོར་བཏང་བ་དང་། སྤྱི་ཚོགས་སྟེང་གི་བདག་མེད་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གྲོན་དངུལ་འགན་སྲུང་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་བདུན་བརྒྱ་ནས་སྒོར་དགུ་བརྒྱ་དང་དྲུག་ཅུ་ལ་ཇེ་མཐོར་བཏང་བ་དང་འཕར་ཚད་བརྒྱ་ཆའི་ཉེར་བཞི་དང་བརྒྱ་ཆའི་སོ་བདུན་ལ་སླེབས།
ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་རྒྱལ་ཁ་ལེན་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་གཅིག་སྡུད་བྱེད་པ་དང་དམིགས་བསལ་ཚོགས་པ་གཅིག་སྡུད་བྱེད་པ། མང་ཚོགས་ཀྱི་ཡིད་འཇོག་གཅིག་སྡུད་བྱེད་པ་བཅས་དམིགས་འབེན་དུ་བཟུང་སྟེ་དམངས་སྲིད་བྱ་བའི་མས་སྐྱོར་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་པ་དང་། གཞི་རྩའི་དམངས་ཚིས་ཚད་མཐའ་སྲ་བརྟན་དུ་གཏོང་བཞིན་ཡོད། རྗེས་ཕྱོགས་སུ་ཞིང་ཆེན་དམངས་སྲིད་ཐིན་གྱིས་དཀའ་ཁག་ལ་འཕྲད་པའི་དྭ་ཕྲུག་གི་རིགས་བཀར་འགན་སྲུང་སྲིད་ཇུས་དངོས་འབེབས་བྱེད་སྐབས་རེ་ཞུ་ཞིབ་བཤེར་ཆོག་མཆན་འགོད་པ་དང་མ་དངུལ་དུས་ཐོག་ཏུ་སྟེར་བ་སོགས་ཀྱི་ལས་རིམ་གལ་ཆེན་གྱི་ལྟ་སྐུལ་བྱ་བ་དམ་འཛིན་བྱེད་པ་དང་ཆེད་དངུལ་ཆེད་བཀོལ་བྱས་ནས། དྭ་ཕྲུག་དང་དཀའ་ཁག་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བའི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། དྭ་ཕྲུག་སོགས་དཀའ་ཁག་ཆེ་བའི་བྱིས་པ་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་མྱོང་དུ་འཇུག་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གཉོར་སྐྱོང་ཚད་གཞི་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།