ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡི་གསུང་བཤད་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་མ་འོངས་བའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཀྲང་ཧོང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་བྱས།
ཡུས་ཚུང་ལེ་ཡིས་ནན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཁག་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། མཐའ་གཅིག་ཏུ་གནད་དོན་བཅོས་སྒྲིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་ཅི་ཐུབ་བྱ་རྒྱུ་དང་། མགྱོགས་མྱུར་སྒོས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱེད་པར་སྐུལ་འདེད། མུ་མཐུད་དུ་མ་དངུལ་དང་རྣམ་གྲངས་ཀྱི་གཞི་གྲངས་ཚད་ལྡན་དང་། གཏིང་ཟབ་སྒོས་དབུལ་སྐྱོར་རྒྱུ་ནོར་དོ་དམ་བྱེད་པ། རྣམ་གྲངས་ཀྱི་མ་དངུལ་དོ་དམ་ཚད་ལྡན་ཡོང་བར་ཁག་ཐེག་བྱ་རྒྱུ། ཡུལ་གཞན་དུ་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཕུགས་ཕན་དོ་དམ་ལ་ཤུགས་སྣོན། དབུལ་པོ་བསྐྱར་ལོག་གི་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་དབུལ་སྐྱོར་གྱི་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་དག་སེལ་བཅས་བྱས་ནས། སྔར་ལས་ལྷག་པར་དབུལ་ཐར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། དྲིལ་བསྒྲགས་དང་ཕྱོགས་བསྡོམས་ཀྱི་ལས་དོན་དུས་མཉམ་དུ་ལེགས་པོ་བསྒྲུབ་རྒྱུ་དང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཡུན་རིང་གི་འཕེལ་རྒྱས་ལ་འཆར་འགོད། “ནན་ཏན”ཞེས་པའི་ཡིག་འབྲུ་གཉིས་ཀྱིས་ལས་དོན་མཐའ་དག་ལ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཅས་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།