ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ”སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ལས་མུ་མཐུད་དུ་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་པ་དང་། ནན་ཏན་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་དོན་འཁྱོལ་བྱས་ཏེ། འབྲུ་རིགས་ཐོན་ཚད་ལོ12ལ་བསྟུད་མར་ཏུན་ཁྲི་བརྒྱ་ལས་བརྒལ་བ་དང་། ཕྱུགས་ལས་རིམ་བཞིན་གཞི་ཁྱོན་ཅན་དུ་བསྒྱུར་ཡོད།
ལོ་ལྔའི་རིང་མཚོ་སྔོན་གྱི་འབྲུ་རིགས་ཐོན་ཚད་ལོ་རེ་བཞིན་འཕར་སྣོན་བྱུང་ཡོད་ལ། 2019ལོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི105.54ཟིན་པ་དང་། 2015ལོ་དང་བསྡུར་ན་ཏུན་ཁྲི1.5མཐོ་རུ་ཕྱིན། མུའུ་རེའི་ཐོན་ཚད་སྤྱི་རྒྱ་251.11ཡོད་པ་དང་། 2015ལོ་དང་བསྡུར་ན་མུའུ་རེར་སྤྱི་རྒྱ3.74མཐོ་རུ་ཕྱིན་ཡོད།
ཞིང་ཆེན་ཡོངས་ཀྱིས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་དང་། ཚད་ལྡན་ཅན་གྱི་གསོ་སྤེལ། ལྗང་མདོག་ཅན་གྱི་འཕེལ་རྒྱས་བཅས་ཕྱོགས་སྟོན་དུ་བཟུང་ནས། ནུས་ཤུགས་ཡོད་དགུ་བཏོན་ནས་རྩྭ་གཟན་འབྲོག་ལས་འཕེལ་རྒྱས་བཏང་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི“སྒོར་དུང་ཕྱུར་བརྒྱའི”ཐོན་ལས་གསར་སྐྲུན་བྱས་པ་དང་། 2017ལོར་ཡུལ་ཤུལ་གྱི་འབྲི་གཡག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་བཟང་ཁུལ་གྱི་གྲས་སུ་བཞག་ནས། “མཚོ་སྐོར་འབྲི་གཡག”དང་། “གངས་རེིའི་འབྲི་གཡག”སོགས་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་མིང་གཞུང་ནང་དུ་བཞག་སྟེ། སྐམ་ཤ་དང་ལུག་ཤ་ནི་མཚོ་སྔོན་ཞིང་ཆེན་གྱི་མིང་རྟགས་ཐོན་རྫས་ཤིག་ཏུ་གྱུར་ཡོད།
“ལོ་ལྔ་ཚན་བཅུ་གསུམ”སྐབས་ཀྱི་ལོ་དང་པོ་ནས་བཞི་པའི་བར། ཞིང་ཆེན་ཡོངས་ཀྱི་ཤ་རིགས་དང་འོ་ལས་རིགས་ཀྱི་སྤྱིའི་ཐོན་ཚད་ལོ་རེ་བཞིན་འཕར་བའི་རྣམ་པ་མངོན་པ་དང་། ཤ་རིགས་ཐོན་ཚད་2015ལོའི་ཏུན་ཁྲི་32.45ནས་2019ལོའི་ཏུན་ཁྲི་37.41བར་འཕར་ལ། དེའི་ནང་སྐམ་ཤ་དང་ལུག་ཤ་ཐོན་ཚད་སོ་སོར་ཏུན་ཁྲི་11.49དང11.22ནས་ཏུན་ཁྲི14.63དང13.93བར་འཕར་བ་དང་། འོ་ལས་ཀྱི་ཐོན་ཚད་ཏུན་ཁྲི31.43ནས་ཏུན་ཁྲི་35.45བར་འཕར་ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་གྱི་འབྲོག་ལས་རིམ་བཞིན་གཞི་ཁྱོན་ཅན་གྱི་ཕྱོགས་སུ་བསྒྱུར་བ།