ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས27ཉིན་གྱི་སྔ་དྲོར་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་ཚོགས་ཆེན་ལ་ཤིས་ཚིག་ཕུལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཝུའེ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཀྲང་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན། ཞིང་ཆེན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུའུ་ཉིང་བཅས་ཚོགས་འདུར་ཞུགས།
ཝང་ཅན་ཅུན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བ་སྒྲུབ་མཁན་བཅས་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་དང་གུང་གཞོན་ཚོགས་པའི་སྣེ་ཁྲིད་འོག ལོ་ཆུང་བྱིས་པའི་འཚར་ལོངས་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ལོ་ཆུང་གདོང་ལེན་རུ་ཁག་ཅེས་པའི་སློབ་གྲྭ་འདིའི་ནང་བདེ་ཐང་དང་སྤྲོ་སྐྱིད་ངང་འཚར་ལོངས་འབྱུང་བར་བྱས་ཡོད། ཞིང་ཆེན་ཏང་ཨུས་རིམ་པ་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རྒྱ་ཆེའི་ལོ་ཆུང་བྱིས་པར་རེ་བ་ཟབ་མོ་བཅངས་ཡོད་ཟེར། མ་ཅི་ཞའོ་ཡིས་ཤིས་ཚིག་ནང་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་དད་སེམས་བརྟན་པོ་དང་ཕུགས་འདུན་ཆེན་པོ་བརྩོན་ལེན་ཀུན་སྤྱོད་བཟང་བ་དང་། སེམས་པ་བཟང་བ། སློབ་སྦྱོང་ལ་བརྩོན་པ། འཇོན་ཐང་ཆེ་བ། ལུས་སེམས་བདེ་ཐང་། དྲིན་ཚོར་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་རུ་མི་བཟང་པོ་ཞིག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་གཟབ་རྒྱས་ངང་འཚོགས་པ།