མཚོ་སྔོན་ཞིང་ཆེན་གྱིས་ནད་གཞི་ལྕི་བའི་རིགས་དང་ཤིན་ཏུ་ལྕི་བའི་རིགས་ཀྱི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། གཞི་རྩའི་སྨན་བཅོས་འགན་བཅོལ་གྱིས་སྒོ་བསྟེན་སྨན་ཁང་གི་འགན་ལེན་ནུས་པར་སྔར་བས་ཤུགས་སྣོན་བརྒྱབ་ནས་མཁལ་མའི་སིམ་དབྱེ་དང་སྐྲན་ནད་སྨན་བཅོས་སོགས་ནད་གཞི་ལྕི་བའི་རིགས་དང་ཤིན་ཏུ་ལྕི་བའི་རིགས་ཀྱི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། ཚེས22ཉིན། མཚོ་སྔོན་སྨན་བཅོས་འགན་ལེན་ཅུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་དང་རྒྱུན་ནད་ཀྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་པར་འགྲེམས་བྱས་པ་རེད།གཤམ་ལ་བརྡ་ཐོ་ཞེས་བསྡུ་རྒྱུ། 

《བརྡ་ཐོའི》ནང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་དང་རྒྱུན་ནད་ཀྱི་ནད་རིགས་གཅིག་གྱུར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལས་བཟོ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་དང་རྒྱུན་ནད་ཀྱི་ནད་རིགས་རིགས་གཉིས་སུ་དབྱེ་ཡོད་དེ། རིགས་ཀ་པ་ནི་ཁྲག་ཐོན་སླ་བའི་ནད་དང་། སྐྲན་ནད་ངན་པ(རྨེན་བུ་དང་ཁྲག་རིལ་དཀར་པོའི་ནད་ཚུད)མཁལ་མའི་ནུས་པ་ཉམས་པ་དལ་གཤིས་། དབང་པོ་བརྗེ་སྒྱུར་གཤགས་བཅོས་རྗེས་ཀྱི་གཞན་ཕུད་སྨན་བཅོས་བཅས4ཚུད་ཡོད།  རིགས་ཁ་པར་མཆིན་ནད་ག་པ་དང་། གློ་བ་འགག་པའི་ནད་དལ་གཤིས། གློ་བའི་ཁུངས་ཀྱི་སྙིང་ནད་དལ་གཤིས། རླུང་རླན་རང་བཞིན་གྱི་སྙིང་ནད་དལ་གཤིས་སོགས་ནད་རིགས22ཚུད་ཡོད། 

《བརྡ་ཐོས》ནད་རིགས་ཀ་པའི་འགན་སྲུང་ཆུ་ཚད་མཐོ་རུ་བཏང་སྟེ་འགན་བཅོལ་ནང་ཞུགས་པའི་ལས་བཟོ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིས་གནས་གཏན་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་ཁང་དུ་ནད་རིགས་ཀ་པར་སྨན་བཅོས་བྱེད་པའི་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་འགྲོ་གྲོན་དེ། གཅིག་གྱུར་འཆར་འགོད་ཀྱི་ས་ཁུལ་སོ་སོའི་ལས་བཟོ་བ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྨན་ཁང་དུ་སྡོད་པའི་སྲིད་ཇུས་ཀྱི་གཏན་འབེབས་ལྟར་རྩིས་ཞུ་བྱེད་དགོས་པ་དང་། མ་མཐའི་གཏོང་སྤྲོད་ཀྱི་ཚད་གཞི་མ་བཟོས་པར་མི་རེར་ལོ་རེར་ཆེས་མང་ན་སྒོར་ཁྲི10སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།  དུས་མཚུངས་སུ་ནད་རིགས་ཁ་པའི་འགན་ལེན་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་། འགན་བཅོལ་ནང་ཞུགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ལོ་རེའི་མ་མཐའི་གཏོང་སྤྲོད་ཚད་གཞི་སྒོར200ཡིན་པ་དང་། འགན་བཅོལ་ནང་ཞུགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྲིད་ཇུས་ཁྱབ་ཁོངས་ནང་གི་སྒོ་བསྟེན་སྨན་རིན་དེ་རིམ་གསུམ་པའི་གནས་གཏན་སྨན་བཅོས་སྒྲིག་གཞིའི་འགྲོ་སོང་རྩིས་ཞུའི་བསྡུར་གྲངས50%ཟིན་པ་དང་། རིམ་པ་གཉིས་པ་དང་དེའི་མན་གྱི་གནས་གཏན་སྨན་བཅོས་སྒྲིག་གཞིའི་འགྲོ་སོང་རྩིས་ཞུའི་བསྡུར་གྲངས70%ཟིན་ཡོད། ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། མཆིན་ཚད་ག་པ། སེམས་ཁམས་དང་བྱ་སྤྱོད་ཀྱི་འགོག་རྐྱེན། འདུས་འདྲིལ་གཅོང་ནད་བཅས་མི་རེར་ལོ་རེར་ཆེས་མཐོ་བའི་གཏོང་སྤྲོད་བཅད་གྲངས་ནི་སྒོར5000ཡིན། ནད་རིགས་གཞན་དག་ལ་མི་རེར་ལོ་རེར་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར3000ཡིན། དུས་མཚུས་སུ་ནད་རིགས་གཉིས་ཡན་ཕོག་མཁན་ལ་གཏོང་སྤྲོད་བཅད་གྲངས་མཐོ་བའི་ནད་རིགས་ཐོབ་ཐང་གི་རྨང་གཞིའི་ཐོག་མི་རེར་ལོ་རེར་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར1000མང་དུ་གཏོང་རྒྱུ་ཡིན། 

ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་རྩིས་ཞུ་བྱེད་པའི་བསྡུར་ཚད་ནི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བས་གནས་གཏན་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་ཁང་དུ་བཏང་བའི་སྨན་བཅོས་འགྲོ་གྲོན་དེ་ཐོག་མར་མི་སྒེར་གྱི་རྩིས་ཁྲའི་ལོ་འཁོར་གོང་མའི་བསྡོམས་རྩིས་ལྷག་གྲངས་ལས་སྤྲོད་རྒྱུ་དང་ལྷག་གྲངས་སྒོར་1000(ཚུད་པ)མི་འདང་སྐབས་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་འགྲོ་གྲོན་དེ་གཅིག་གྱུར་འཆར་འགོད་ཐེབས་རྩ་ལས་80%དང་མི་སྒེར་གྱིས་20%སྤྲོད་དགོས། མ་ཟད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་ཏེ། མཆིན་ནད་ག་པ་ལོ་རེར་མི་རེར་ཆེས་མཐོ་བའི་གཏོང་སྤྲོད་བཅད་གྲངས་ནི་སྒོར20000ཡིན་པ་དང་། ནད་རིགས་གཞན་དག་ལ་མི་རེར་ལོ་རེར་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར་5000ཡིན། དུས་མཚུངས་སུ་ནད་རིགས་གཉིས་ཡན་ཕོག་པའི་ནད་པར་གཏོང་སྤྲོད་བཅད་གྲངས་མཐོ་བའི་ནད་རིགས་ཐོབ་ཐང་གི་རྨང་གཞིའི་ཐོག་མི་རེར་ལོ་རེར་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སླར་ཡང་སྒོར2000མང་དུ་གཏོང་དགོས། 

《བརྡ་ཐོའི》ནང་ད་དུང་སྨན་བཅོས་དོ་དམ་རྣམ་གྲངས་དྲུག་ཁ་གསལ་བཟོས་ཡོད། དེའི་ནང་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་དང་རྒྱུན་ནད་ཀྱི་སྲིད་ཇུས་འགན་སྲུང་བྱེད་ཁོངས་སུ་ནད་རིགས་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་དང་། བརྟག་དཔྱད། སྨན་རྫས། སྨན་བཅོས། ཟད་གྲོན་སོགས་ཀྱི་སྨན་བཅོས་འགྲོ་གྲོན་ཚུད་ཡོད། ངེས་པར་དུ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་དང་ནད་བརྟག་སྨན་བཅོས་རྣམ་གྲངས་ཀྱི་དཀར་ཆག ཞབས་ཞུའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་ཚད་གཞི་བཅས་དང་མཐུན་དགོས། མི་མཐུན་པའི་འགྲོ་གྲོན་དང་དཀར་ཆག་ཁྱབ་ཁོངས་མིན་པའི་འགྲོ་གྲོན་གཅིག་གྱུར་འཆར་འགོད་ཐེབས་རྩས་གཏོང་སྤྲོད་མི་བྱེད། དུས་མཚུངས་སུ་སྒོ་བསྟེན་གྱི་དམིགས་བསལ་ནད་དང་རྒྱུན་ནད་ཀྱི་སྨན་ཐོ་སྤྱོད་ཚད་ཉིན90་བར་ནར་བསྲིངས་བྱེད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།