ཝང་ཅན་ཅུན་ཀྲུང་གོ་གུང་ཁྲན་ཏང་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཕེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས21ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་རྩ་འཛུགས་ཀྱི་ཁོངས་མིའམ་སྤྱི་གཉེར་བ་གཞོན་པ་ཧོང་མིང་མགོ་རྩོམ་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། དྲུང་ཡིག་ཆེན་མོ་ཡུས་ཚང་ལི་ཚོགས་འདུར་ཞུགས། 

ཝང་ཅན་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཞི་རྩའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རེད་ཅེས་བསྟན་ཏེ་ནན་གྱིས་གསུང་དོན། ཏང་གི་འཐུས་མི་ཚོགས་ཆེན་ནི་ཏང་འཛུགས་སྐྱོང་གི་ཚོགས་འདུ་ཞིག་རེད། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་ནི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ཡིན་པས། ཏང་གི་ནང་དུ་ཏང་གི་སྐོར་གླེང་བ་དང་། ཏང་གི་ནང་དུ་ཏང་གི་དོན་ལ་སེམས་ཁྲལ་བྱེད་པ། ཏང་གི་ཆེད་དུ་བྱ་བ་སྒྲུབ་པ། ཐོག་མཐའ་བར་གསུམ་དུ་སེམས་ནང་དུ་ཏང་ཡོད་པར་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས། ཏང་གི་འཐུས་མིའི་ཚོགས་ཆེན་ནི་ཏང་གི་འཐུས་མིས་དམངས་གཙོ་དར་སྤེལ་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ཞིང་། བློ་བསྡུས་དགེ་འཚོལ་དང་། གང་བསམ་ལྷུག་བརྗོད། བློ་གྲོས་སྐྱེས་འབུལ་བྱེད་དགོས་ལ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་བསམ་ཚུལ་དང་རེ་བཞག་ཚང་མ་ཏང་ཨུའི་ལས་དོན་སྙན་ཞུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང་འདྲེས་པར་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་བསམ་སྤྱོད་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་ཨུ་སྐབས་གསར་པ་སྒྲིག་འཛུགས་བྱས་རྗེས། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཀུང་སི་ཡོངས་ཀྱི་སྣེ་ཁྲིད་ནས་སྔ་རྗེས་རྒྱུན་མཐུད་དང་མ་འོངས་གསར་གཏོད་ཀྱིས“ལོ་ལྔ་ཚན་བཅུ་བཞི་པ”དང་ལོ་བརྒྱ་གཉིས་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་དུ་སྐྱོད་དགོས་ཞེས་དང་། ཁོང་གིས་ད་དུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་རང་ཁྱིམ་གྱི་ཁྱིམ་མིར་བརྩིས་ནས་མཚོ་བོད་ཚོགས་པ་ཀུང་སིའི་འཕེལ་རྒྱས་དང་ཡར་ཐོན་ལ་སྔར་རྒྱུན་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

ཧོང་མིང་གིས་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཏང་རྩ་འཛུགས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། མཚོ་བོད་སྡེ་ཚོགས་ཀུང་སིའི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ཏང་གི་མགོ་ཁྲིད་འོག་དེང་རབས་ཀྱི་རྒྱལ་ཁབ་ལྕགས་ལམ་ཁེ་ལས་བཅོས་སྐྱོང་ལམ་སྲོལ་བཙུགས་ནས་ཏང་གི་མགོ་ཁྲིད་ལམ་ལུགས་ཀྱི་ལེགས་ཆ་དེ་སྡེ་ཚོགས་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས་པ་དང་། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་སྡེ་ཚོགས་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྐང་འཛིན་སྟོབས་ཤུགས་སྐྲུན་དགོས་ལ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཚོགས་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་འགན་ལེན་བྱེད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པར”བསྟུད་མར་འབད་འཐབ་བྱེད་དགོས་ཤིང་། མཚོ་སྔོན་དང་བོད་ལྗོངས་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་བས་ལེགས་པར་ཞུ་བའི་ཁྲོད་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱས་ནས། འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པ་དང་ལྕགས་ལམ་སྔོན་ལ་འཛུགས་སྐྲུན་བྱེད་པའི་མཚོ་བོད་ཀྱི་ལེའུ་གསར་པ་བརྩོམ་དགོས་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།