མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་རྒྱ་བསྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་རྒྱ་བསྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་སློབ་སྦྱོང་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུའུ་བདུན་པའི་ཅུའུ་ཀྲང་ཞུའུ་ཀྲི་ཐའོ་ཡིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་བྱེད་པར་ཟུར་ཁྲིད་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་སློབ་སྦྱོང་ཚོགས་འདུར་འགོ་འཛིན་བྱས།

ཞུའུ་ཀྲི་ཐའོ་ཡིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་གྲོས་ཚོགས་ཀྱི་རྒྱབ་ལྗོངས་དང་རིགས་གཞུང་གལ་ཆེན་གྱི་འདོན་ཐབས་གསར་བ། བྱེ་བྲག་ཁྱབ་ཁོངས་ཀྱི་སྲིད་ཇུས་གསར་བ་དང་རེ་བ་གསར་བ་བཅས་ཕྱོགས་གསུམ་ནས། རིགས་གཞུང་དང་ལག་ལེན་མཉམ་བསྲེས་བྱས་ཏེ་གོ་རིམ་ཡོད་པའི་སྒོ་ནས་རྒྱས་བཤད་དང་འགྲེལ་ཀློག་ཟབ་མོ་བྱས། ཚོགས་ཞུགས་བློ་མཐུན་རྣམས་ལ་སྙན་ཞུའི་བསམ་ཕྱོགས་ཡང་དག་ཅིང་རིམ་པ་བགར་བ་གསལ་བོ་ཡིན་པ་དང་། གཏན་ཚིགས་རང་བཞིན་དམ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། གནད་ས་འབུར་དུ་ཐོན་ཞིང་འགྲེལ་ཀློག་ཟབ་པ་དང་། རིགས་གཞུང་གི་མཐོ་ཚད་ལྡན་ཞིང་བསམ་བློའི་ཁྱབ་རྒྱ་ཆེ་བ་དང་། ལག་ལེན་གཏིང་ཟབ་ལྡན་པས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། མཚོ་སྔོན་གྱི་དོན་དངོས་དང་སྦྲེལ་ཏེ་དུས་རབས་གསར་བའི་བོད་འབྲེལ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པར་སྐུལ་ལྕག་དང་རོགས་རམ་བྱེད་ཐུབ་ཟེར།

ཚང་མས་བཤད་རྒྱུར། ཐེངས་འདིའི་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་དེ་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་འགོ་ཚུགས་ས་གསར་བ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་སྒྲུབ་བྱེད་པའི་བྱེ་བྲག་གི་མཚོན་བྱེད་བྱེད་པ། བསམ་བློ་དང་བྱ་སྤྱོད་གཉིས་ཀ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱས་ཏེ། འགན་འཁྲི་ཁག་ཁུར་དང་དཀའ་སྤྱད་བརྩོན་ལེན་བྱེད་པ་དང།  ནན་ཏན་སྒོས་བྱ་བ་བསྒྲུབ་པ་དང་མཁྲེགས་གཏོར་དཀའ་སེལ་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།