2020ལོའི་རྨ་ལྷོ་ཁུལ་ཁམས་རའི་གཡང་མདའ་རྟགས་པའི་མདའ་འཕེན་གདན་ཞུ་འགྲན་བསྡུར་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་རྨ་ལྷོ་ཁུལ་ཁམས་རའི་གཡང་མདའ་རྟགས་མའི་མདའ་འཕེན་གདན་ཞུ་འགྲན་བསྡུར་དང་གཟུགས་འདས་ཤུལ་བཞག་ལྗོངས་ཁུལ་དུ་བསྐྱོད་པའི་བྱ་འགུལ་དེ་ཟླ10བའི་ཚེས13ཉིན་གྱི་སྔ་དྲོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་སྔོ་རྒྱའི་གནས་སྐོར་ཞབས་ཞུ་ཐང་ཆེན་དུ་སྤེལ། ཞིང་ཆེན་ནང་ཁུལ་གྱི་འཐུས་ཚབ་རུ་ཁག་74ཡི་འགྲན་ཞུགས་པ1184ཡིས་སྲོལ་རྒྱུན་རྭ་གཞུ་དང་། གཞུ་ལེབ་མི་15ཅན། ལྕགས་གཞུ་འཁོར་ལོ་མ་མི་15ཅན་གྱི་རྣམ་གྲངས13གྱི་འགྲན་བསྡུར་ཁྲོད་ཞུགས།  

ཉེ་བའི་ལོ་འགའི་རིང་། རྨ་ལྷོ་ཁུལ་གྱིས་ས་ཁོངས་ཅན་དང་སྤུས་ཚད་ཅན། བློ་རིག་ཅན་གྱི་ཁ་ཕྱོགས་དང་། རིག་གནས་གཟུགས་འདས་ཤུལ་བཞག་དང་། མི་རིགས་དམངས་སྲོལ་དུས་ཆེན། གནའ་མཁར་དང་རང་བྱུང་མཛེས་ལྗོངས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། རིག་གནས་གནས་སྐོར་ལས་རིགས་ལ་སྐུལ་འདེད་བཏང་ནས། ཁྱད་མཚར་རྨ་ལྷོའི་ཟོང་རྟགས་རྒྱལ་ཡོངས་སུ་བསྐྱོད་པར་རྨང་གཞི་བཏིང་། ད་ལོའི་རིམས་ནད་འགོག་བཅོས་ཚོད་འཛིན་རྒྱུན་ལུགས་ཅན་གྱི་རྒྱབ་ལྗོངས་འོག  རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་རིག་གནས་གནས་སྐོར་ཐོན་ལས་ཁྱོན་ཡོངས་ནས་སླར་གསོ་བྱུང་བའི་འགྱུར་ལྡོག་གསར་བ་དང་གོ་སྐབས་གསར་བར་ཁ་གཏད་དེ། སྔ་མོ་ནས་འཆར་འགོད་དང་གནད་འཁེལ་ཐབས་ཇུས་བཟོས་ཏེ་ཞིང་སྡེའི་གནས་སྐོར་དང་། གཟུགས་འདས་ཤུལ་བཞག་འགྲེམ་སྟོན། སྲོལ་རྒྱུན་དམངས་སྲོལ། རྩྭ་ཐང་གི་དགྱེས་སྟོན་སོགས་ཀྱི་བརྗོད་དོན་ཡིན་པའི་གནས་སྐོར་ལམ་ཐིག་28བཏོན་ནས། སྐབས་གཉིས་པའི་མཚོ་སྔོན་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་དང་། 5·19ཀྲུང་གོའི་གནས་སྐོར་ཉིན་མོའི་རྐང་ཐང་དུས་ཆེན།མཚོ་སྔོན་བས་རྨ་ལྷོར་གནས་སྐོར་བྱེད་པའི་རླངས་འཁོར་གཏོང་བའི་མཛད་སྒོ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། འཛད་སྤྱོད་པའི་འཛད་སྤྱོད་ནུས་ཤུགས་ལ་སྐུལ་སྤེལ་དང་། རིག་གནས་གནས་སྐོར་ལས་རིགས་སླར་གསོའི་ཡིད་ཆེས་ཆེ་རུ་བཏང་ཞིང་། རིག་གནས་གནས་སྐོར་ཐོན་ལས་མགྱོགས་མྱུར་ངང་སླར་གསོ་བྱུང་བ་མངོན་འགྱུར་བྱུང་།

 ཤེས་གསལ་བྱུང་བ་ལྟར་ན། བྱ་འགུལ་དེ་ཉིན་དྲུག་ལ་སྤེལ་རྒྱུ་རེད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།